ཚེས8ཉིན་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐི་ལུའོ་ཡིས་བཤད་རྒྱུར། ཁོ་ལོམ་པི་ཡས་དབྱི་སི་རལ་ལ་རྡོ་སོལ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། “རིགས་རྒྱུད་རྩ་མེད་དུ་གཏོང་བའི”བར་དུ་མཚམས་འཇོག་རྒྱུ་ཡིན་ཟེར།
ཕེ་ཐི་ལུའོ་ཡིས་ཉིན་དེར་སྤྱི་འབྲེལ་སྨྱན་བྱད་བརྒྱུད་ནས་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པ་མ་ཟད། དབྱི་སི་རལ་ལ་རྡོ་སོལ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུའི་སྐོར་གྱི་བཀའ་ཁྲིམས་འཆར་ཟིན་ཡང་ཁྱབ་བསྒྲགས་བྱས།
ཁོ་ལོམ་པི་ཡའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། འབྲེལ་ཡོད་བཀའ་ཁྲིམས་འཆར་ཟིན་དེ་ཚོང་དོན་དང་བཟོ་ལས། ཡུལ་སྐོར་པུའུ་ཡི་གཞུང་ཕྱོགས་དྲ་ཚུགས་སུ་ཁྱབ་བསྒྲགས་བྱས་ནས་ཉིན་ལྔ་འགོར་རྗེས་ནུས་པ་ཐོན་སྲིད།
ན་ནིང་ཟླ10པའི་ཚེས7ཉིན། ཕ་ལི་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ཁོ་ལོམ་པི་ཡ་དང་དབྱི་སི་རལ་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཛ་དྲག་ཏུ་ཕྱིན་ཡོད། ཕེ་ཐི་ལུའོ་ཡིས་དབྱི་སི་རལ་ལ་རྡུང་རྡེག་ཐེངས་མང་བཏང་བ་མ་ཟད་ལཱ་ཏིན་མེ་གླིང་གི་རྒྱལ་ཁབ་གཞན་དག་གིས་ཁོ་ལོམ་པི་ཡ་དང་མཉམ་དུ་དབྱི་སི་རལ་ལ་རྒོལ་གཏམ་གཏོང་རྒྱུའི་འབོད་སྐུལ་ཡང་བྱས། ན་ནིང་ཟླ10པའི་ཟླ་མཇུག་ཏུ། ཕེ་ཐེ་ལུའོ་ཡིས་དབྱི་སི་རལ་དུ་སྡོད་པའི་ཁོ་ལོམ་པི་ཡའི་གཞུང་ཚབ་པ་ཕྱིར་འཐེན་པའི་ཁྱབ་བསྒྲགས་བྱས། ད་ལོའི་ཟླ5པའི་ཚེས1ཉིན། ཕེ་ཐེ་ལུའོ་ཡིས་ཚེས2ཉིན་ནས་བཟུང་དབྱི་སི་རལ་བར་གྱི་འབྲེལ་བ་མཐའ་དག་མཚམས་གཅོད་རྒྱུའི་ཁྱབ་བསྒྲགས་བྱས།
ན་ནིང་ཟླ12པར་ལྷོ་ཨ་ཧྥེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ“རིགས་རྒྱུད་རྩ་མེད་དུ་གཏོང་བ”ལག་བསྟར་བྱས་པར་སྐྱོན་འདོན་ཞུ་གཏུག་བྱས། དེའི་རྗེས་ཀྲི་ལི་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་དབྱི་སི་རལ་ཞུ་གཏུག་བྱེད་པའི་གྲས་སུ་ཞུགས། ད་ལོའི་ཟླ5པར་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧི་ལན་གྱི་ཧའེ་ཡ་རུ“གནས་སྐབས་བྱ་ཐབས”ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལཱ་ཧྥ་རུ་དམག་དོན་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པ་དང་། དབྱི་སི་རལ་གྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟག་དཔྱད་མི་སྣ་ཅ་ཧྲ་ས་ཁུལ་དུ་བསྐྱོད་ཆོག་པ་དང་། “རིགས་རྒྱུད་རྩ་མེད་དུ་གཏོང་བའི”སྐྱོན་འདོན་ཞུ་གཏུག་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད་འབྲེལ་ཡོད་དཔང་རྟགས་སོར་འཇོག་བྱེད་དགོས་པའི་བླང་བྱ་བཏོན།
ཤ་བོ་རིན་མཚོས་བསྒྱུར།