པར་འདི་ནི་ཟླ6ཚེས8ཉིན་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་དབྱི་སི་རལ་གྱི་དམག་གིས་འཇབ་རྒོལ་བྱས་རྗེས་དུ་སྨུག་འཕྱུར་བའི་རྣམ་པ་རེད།
ཚེས8ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)སྨྱན་སྦྱོར་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི210རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི400ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ཟེར།
ཕ་ལེ་སི་ཐན་བདེ་འཇགས་སྡེ་ཚན་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པ་དང་། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་གདོང་ཐུག་བྱུང་ནས་དྲག་ཆས་མི་སྣ་ཁག་ཅིག་བསད་པ་རེད། དབྱི་སི་རལ་དམག་དཔུང་གི་སྒྱོགས་དམག་དང་དམག་འཐབ་གནམ་གྲུ་ཡིས་ད་དུང་དབུས་རྒྱུད་ཀྱི་ས་ཆ་མང་པོ་ཞིག་ལ་འབར་མདེལ་མང་པོ་དབྱུག་ཡོད།
འདི་ནི་ཟླ6ཚེས8ཉིན་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་པར་བླངས་པའི་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཁང་པ་དང་རླངས་འཁོར་རེད།
ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཏེའར་པའེ་ལ་ཧོ་གྲོང་ཁྱེར་དུ་ཡོད་པའི་ཨ་ཁེ་ས་སྨན་ཁང་གི་འགན་འཁུར་པ་ཧ་ལེ་ལི·ཏ་ཁི་ལང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་སྨན་ཁང་དེས་རྨས་མ་འབོར་ཆེན་བསྡུ་ལེན་བྱས་པ་དང་། མི་སྣ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། སྨན་ཁང་དུ་ཉལ་ཁྲི་དང་སྨན་བཅོས་མི་སྣ་འདང་ངེས་ཤིག་མེད་པའི་དབང་གིས་སྲུང་སྐྱོབ་བྱ་བ་དཀའ་ཁག་ཆེན་པོར་འཕྲད་ཡོད་ཟེར།
ཚེས8ཉིན་ཧ་མ་སིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ཤེས་རྟོགས་བྱུང་བའི་ཆ་འཕྲིན་ལ་གཞིགས་ན། ཨ་རི་ཐེངས་འདིའི་ཉེས་གསོག་བྱ་སྤྱོད་ཀྱི་ནང་དུ་ཞུགས་ཡོད་ཟེར། ཧ་མ་སིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལངས་ཕྱོགས་ཏན་ཏིག་བཟུང་ནས། ཉེས་གསོག་དེ་རིགས་བཀག་འགོག་བྱས་ཏེ་ཆག་སྒོ་སློང་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།
འདི་ནི་ཟླ6ཚེས8ཉིན་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་པར་བླངས་པའི་རྨས་མ་རེད།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་ཚོགས་འདུ་བསྡུས་ནས། ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱ་རྒྱུའི་འབོད་སྐུལ་བཏང་། ཨ་པ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་ངོགས་སུ་ཐོན་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བྱེད་པར་ཐེ་ཇུས་བྱེད་དགོས་པར་བསྟན།
གཞན་ཡང་ཚེས8ཉིན་དབྱི་སི་རལ་དམག་ཕྱོགས་དང་གསང་འཕྲིན་སྡེ་ཚན་གྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེར་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་དེ་སྔོན་ཧ་མ་སིས་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི4བསྐྱབས་ཡོད་པ་རེད། མི་དེ་བཞི་ནི་ན་ནིང་གི་ཟླ10པའི་ཚེས7ཉིན་དབྱི་སི་རལ་ལྷོ་ཕྱོགས་ནས་སྤེལ་བའི་རོལ་དབྱངས་སྤྲོ་ཚོགས་ཤིག་གི་སྟེང་དུ་ཧ་མ་སིའི་དྲག་ཆས་མི་སྣས་ཅ་ཧྲ་ས་ཁུལ་དུ་ཁྲིད་སོང་པ་རེད།
འདི་ནི་ཟླ6ཚེས་8ཉིན་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་པར་བླངས་པའི་དབྱི་སི་རལ་གྱི་དམག་གིས་གནོད་འཚེ་ཕོག་མཁན་ལ་འཇབ་རྒོལ་བྱས་པའི་རྣམ་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།