ཧྥ་རན་སི་དང་ཨ་རིའི་འགོ་ཁྲིད་པས་ཅ་ཧྲ་ས་ཁུལ་དུ་མྱུར་དུ་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།
2024.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས8ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་རྒྱལ་ས་པ་ལིར་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་པེ་ཏིན་དང་གྲོས་མོལ་གནང་སྐབས། ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་དུ་མྱུར་དུ་དམག་འཁྲུག་མཚམས་འཇོག་པ་དང་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འབོད་སྐུལ་བཏང་།  

ཚེས6ཉིན་པེ་ཏིན་ཧྥ་རན་སིའི་ཁར་ཝ་ཏུའོ་སི་ཞིང་ཆེན་དུ་འཚོགས་པའི་ནུའོ་མན་ཏི་སྐམ་སར་འཛེགས་ནས་ལོ80འཁོར་བའི་རྗེས་དྲན་བྱ་འགུལ་དུ་ཞུགས་པ་དང་། ཚེས8ཉིན་མཱ་ཁི་ལུང་གིས་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཏུ་གྲོས་མོལ་བྱས།     ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན།   ཧྥ་རན་སི་དང་ཨ་རིའི་འགོ་ཁྲིད་པས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་།    དབུས་ཤར་ས་ཁུལ་གྱི་གནས་བབ།    དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐོར་གྱི་ལམ་ཐིག་རི་མོ་ཁྱབ་བསྒྲགས་བྱས།

མཱ་ཁི་ལུང་གིས་གྲོས་མོལ་བྱས་རྗེས་འཚོགས་པའི་མཉམ་འབྲེལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སིས་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐག་གཅོད་བྱེད་པའི་སྐོར་གྱི་གྲོས་འགོ་གསར་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཅ་ཧྲ་ས་ཁུལ་དུ་མྱུར་དུ་དམག་མཚམས་འཇོག་པ་དང་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། དྲང་གཞག་དང་ཡུན་རིང་གི་ཞི་བདེ་མངོན་འགྱུར་ཡོང་ཆེད་ཆ་རྐྱེན་བསྐྲུན་རྒྱུ་མ་ཟད་ཕ་ལི་སི་ཐན་དང་དབྱི་སི་རལ་མང་ཚོགས་ཀྱི་བདེ་འཇགས་ལ་དོ་ཁུར་བྱེད་རྒྱུའི་རེ་བ་ཡོད་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བླང་བྱ་དྲག་པོའི་མདུན་དུ་དབྱི་སི་རལ་གྱིས་ས་མཚམས་བརྒལ་བའི་ས་ཚིགས་ཚང་མ་སྔར་བཞིན་སྒོ་འབྱེད་བྱས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཅ་ཧྲ་ས་ཁུལ་དུ་བསྐྱོད་པ་དང་། ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་གནས་བབ་དང་མི་སྣ་ཤི་རྨས་ནི“མི་རྣམས་ཀྱིས་དང་ལེན་བྱེད་ཐབས་བྲལ་བའི”གནས་ཚུལ་ཞིག་རེད་ཟེར།

པེ་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་བྱ་བ་མཚམས་འཇོག་མི་སྲིད་པ་དང་བཀག་ཉར་བྱས་པའི་མི་སྣ་ཚང་མ་བཙོན་བཀྲོལ་བཏང་རྗེས་དམག་མཚམས་འཇོག་པའི་གྲོས་མཐུན་བྱ་རྒྱུ་ཡིན་ཟེར།

སྐོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་བྱུང་བ་ནས་ད་བར་ཟླ་བརྒྱད་ཕྱིན་པ་དང་། དབྱི་སི་རལ་དང་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་བར་གྲོས་མོལ་རེས་སྐོར་མང་པོ་བྱས།     ན་ནིང་ཟླ11པར་ཕྱོགས་གཉིས་བར་གནས་སྐབས་དམག་མཚམས་འཇོག་པའི་གྲོས་མཐུན་བྱུང་བ་མ་ཟད་བཀག་ཉར་བྱས་པའི་མི་སྣ་སྐོར་ཞིག་བཙོན་བཀྲོལ་བཏང་རྗེས་གྲོས་མོལ་ལ་འཕེལ་རྒྱས་གསར་པ་བྱུང་མེད།     ཨེ་ཅིབ་དང་ཁ་ཐར་གྱིས་ཉེ་ལམ་དམག་མཚམས་འཇོག་པའི་གྲོས་མོལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། དབྱི་སི་རལ་དང་ཧ་མ་སིས་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲོས་འགོ་གསར་པར་གཞིགས་ནས་གྲོས་མཐུན་འཇོག་རྒྱུའི་འབོད་སྐུལ་བཏང་།       འོན་ཀྱང་གྲོས་མོལ་དང་ཐག་ཉེ་བའི་གནས་ཚུལ་སྤེལ་མཁན་གྱིས་བཤད་རྒྱུར། དམག་མཚམས་འཇོག་པའི་གྲོས་མོལ་དེ་ཟླ6པའི་ཚེས7ཉིན་བར་སྔར་བཞིན་ཐོལ་བརྒལ་བྱུང་མེད་པ་དང་།    དེ་དང་ཆབས་ཅིག་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས་ཕ་ལི་སི་ཐན་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།