ཚེས9ཉིན་མཇུག་བསྒྲིལ་བའི་ཡོ་རོབ་གྲོས་ཁང་གི་འདེམས་བསྐོའི་ཁྲོད། ཧྥ་རན་སིའི་སྲིད་སྐྱོང་ཏང་ལ་རྒྱབ་སྐྱོར་བྱེད་ཚད་གཡས་རུ་སྲིད་ཏང་ལས་ཧ་ཅང་དམའ་བ་དང་། ཚེས9ཉིན་གྱི་དགོང་མོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་རྒྱལ་དམངས་གྲོས་ཁངགཏོར་རྒྱུ་མ་ཟད་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོ་གསར་པ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
ལོ་ལྔའི་ནང་ཐེངས་རེར་བསྡུ་བཞིན་པའི་ཡོ་རོབ་གྲོས་ཁང་གི་འདེམས་བསྐོ་དེ་ཚེས6ནས་ཚེས9ཉིན་བར་བྱས་པ་དང་། ཧྥ་རན་སི་ཚུད་པའི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་མང་ཆེ་བས་ཚེས9ཉིན་འདེམས་ཤོག་འཕངས་པ་དང་། ཧྥ་རན་སིའི་འདེམས་དམངས་ཀྱིས་ཧྥ་རན་སིའི་འཐུས་ཚབ་བྱེད་མཁན་ཡོ་རོབ་གྲོས་ཁང་གི་གྲོས་མི81ལ་འདེམས་ཤོག་འཕངས། ཚེས9ཉིན་གྱི་དགོང་མོ་ཧྥ་རན་སིའི་སྨྱན་སྦྱོར་མང་པོ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་ཕྱིར་གཏོང་དམངས་འདོད་བརྟག་དཔྱད་བྱས་འབྲས་གསར་ཤོས་ལྟར་ན། གཡས་རུའི་སྲིད་ཏང་རྒྱལ་དམངས་མནའ་འབྲེལ་ལ་འདེམས་ཤོག31%ལྷག་ཐོབ་ནས་ཧྥ་རན་སིའི་སྲིད་ཏང་ཁྲོད་འདེམས་ཤོག་ཨང་དང་པོ་ཐོབ་པ་དང་། སྲིད་སྐྱོང་ཏང་བསྐྱར་དར་ཏང་ལ་འདེམས་ཤོག14%ལྷག་ཐོབ་ནས་ཨང་གཉིས་པར་སླེབས་ཡོད།
མ་ཁུ་ལུང་གིས་དགོང་མོ་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ནས་ཡོ་རོབ་གྲོས་ཁང་གི་འདེམས་བསྐོའི་འབྲས་བུ་ནི“ཡོ་རོབ་སྲུང་སྐྱོབ་བྱེད་མཁན་སྲིད་ཏང་གི་ངོས་ནས་བརྗོད་ན་འབྲས་བུ་ཡག་པོ་ཞིག་མིན”ཞེས་བཤད་པ་རེད། རྩ་ཁྲིམས་ཀྱིས་ཙུང་ཐུང་ལ་སྤྲད་པའི་དབང་ཆ་ལྟར། ཁོས་རྒྱལ་དམངས་གྲོས་ཁང་གི་མ་འོངས་པ་འདེམས་དམངས་ལ་སྤྲད་དེ་འདེམས་ཤོག་འཕེན་པར་བརྟེན་ནས་ཐག་གཅོད་བྱེད་རྒྱུ་དང་། རྒྱལ་དམངས་གྲོས་ཁང་མེད་པར་གཏོང་རྒྱུ་ཐག་གིས་བཅད་པ་ཡིན་ཟེར།
དབྱེ་ཞིབ་མི་སྣས་ཧྥ་རན་སིའི་སྤྱི་མཐུན་རྒྱལ་ཁབ་ལྔ་པའི་ལོ་རྒྱུས་སྟེང་། ཙུང་ཐུང་གིས་རྒྱལ་དམངས་གྲོས་པར་མེད་པར་བཟོས་པའི་གནས་ཚུལ་ཐེངས5ལ་བྱུང་ནས་སྲིད་གཞུང་ལ་འཕྲད་པའི་ཆབ་སྲིད་ཀྱི་ཉམས་ཉེན་དང་སྤྱི་ཚོགས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་མྱོང་ཡོད་ཟེར། ཙུང་ཐུང་གིས་རྒྱལ་དམངས་གྲོས་ཁང་མེད་པར་བཟོས་པར་མ་ཟད། གྲོས་ཁང་གསར་པ་འདེམས་བསྐོ་བྱས་ནས་སྲིད་སྐྱོང་ཏང་ལ་གྲོས་ཁང་ནང་གདན་ཐོབ་མང་ཤོས་ཐོབ་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མ་ཁུ་ལུང་གིས་མགོ་ཁྲིད་པའི་བསྐྱར་དར་ཏང་ནི་རྒྱལ་དམངས་གྲོས་ཁང་གི་ཏང་ཁག་གཞན་དག་ལས་སྔོན་ཐོན་ཡིན་མོད། འོན་ཀྱང་གཏན་འཁེལ་གྱི་ཚད་དུ་སླེབས་ཐུབ་མེད། དེས་སྲིད་སྐྱོང་ཏང་གི་བཅོས་སྒྱུར་འཆར་གཞིར་རྒྱལ་དམངས་གྲོས་ཁང་གི་ངོ་རྒོལ་ཕྱོགས་ཁག་གི་འགོག་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཐེངས་འདིའི་ཡོ་རོབ་གྲོས་ཁང་གི་འདེམས་བསྐོའི་ཁྲོད་སྲིད་སྐྱོང་ཏང་ལ་རྒྱབ་སྐྱོར་བྱེད་ཚད་དམའ་བ་དེས་འདེམས་དམངས་ཁྲོད་ཀྱི་སྲིད་སྐྱོང་ཏང་གི“ཡིད་ཆེས་ཉམས་ཉེན”དེ་བས་དམར་རྗེན་དུ་མངོན་ཡོད།
ཧྥ་རན་སེའི་ཨའེ་ལ་པེ་དམངས་འདོད་བརྟག་དཔྱད་ཀུང་སིས་ཚེས9ཉིན་གྱི་དགོང་མོར་སྤེལ་བའི་དམངས་འདོད་བརྟག་དཔྱད་ལ་ལྟར་ན། ཧྥ་རན་སིའི་མི52%ཀྱིས་ཙུང་ཐུང་གིས་རྒྱལ་དམངས་གྲོས་ཁང་མེད་པར་བཟོ་རྒྱུའི་གཏན་འབེབས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།