ཀྲུང་གོ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་སི་ཡིས་པཱ་ཞི་ཀུང་སི་ལ་མ་དངུལ་བཏང་པར་མ་ཟད། གཙོ་ཁྲིད་བྱས་ནས་བསྐྲུན་པའི་པཱ་ཞི་མཱ་ལན་ཅ་ཐུའུ་འོད་ཤུགས་གློག་འདོན་ས་ཚིགས་ཀྱིས་ཚེས7ཉིན་ཐོན་སྐྱེད་བྱེད་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། འོད་ཤུགས་ལས་གཞི་དེའི་གློག་འདོན་ཤོང་ཚད་སྟོང་ཝ446ཟིན་པ་དང་། ལོ་རེར་ཁྱིམ་ཚང་འབུམ་ལྔ་དང་ཁྲི་ལྔ་ལྷག་ལ་གློག་འདོན་ཐུབ།
མཱ་ལན་ཅ་ཐུའུ་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་རྒྱ་ཁྱོན་སྤྱི་ཆིང1061ལས་བརྒལ་ཡོད་པ་དང་། ཉི་འོད་ནུས་པའི་ལྷུ་ལག་འབུམ་དྲུག་ཁྲི་བརྒྱད་དང་། རྗེས་འདེད་འཕྲུལ་ཆས6633དང་ལྡོག་འགྱུར་ཆས1716བཅས་ཡོད། 2022ལོའི་ཟླ12པར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ལས་ཁུངས་མང་བ་དང་། སྐད་ཡིག་དང་དུས་ཁྱད་ལས་བརྒལ་བའི་འབྲེལ་འདྲིས་དཀའ་ཁག་ཆེ་བ། སྒྲིག་ཆས་མཁོ་འདོན་བྱེད་མཁན་རྒྱལ་ཁབ་མང་བ། སྐྱེལ་འདྲེན་བར་ཐག་རིང་བ་དང་དེ་མིན་ཞིབ་མཆན་འགོད་པའི་གོ་རིམ་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ད་ལོའི་ཟླ4པར་ཚོང་ལས་འཁོར་སྐྱོད་བྱེད་མགོ་བརྩམས་ནས་སྤུས་ཚད་མཐོ་བའི་དངུལ་གཏོང་ཐོན་སྐྱེད་དམིགས་འབེན་ལེགས་འགྲུབ་བྱུང་།
རྒྱལ་ཁབ་གློག་ཤུགས་དངུལ་གཏོང་པཱ་ཞི་ཀུང་སིའི་སྤྱིའི་འགན་འཛིན་པ་ལིན་ཀུའེ་ཞང་གིས་དངུལ་གཏོང་ཐོན་སྐྱེད་བྱེད་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། མཱ་ལན་ཅ་ཐུའུ་ལས་གཞི་ནི་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་གིས་འཛམ་གླིང་དྭངས་གཙང་ཐཱན་ཉུང་ཚུལ་སྒྱུར་གྱི་འབོད་སྐུལ་དང་ལེན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན། ལས་གཞིའི་ཤོང་ཚད་ཆ་ཚང་དྲ་སྦྲེལ་བྱས་རྗེས་སྔོན་དཔག་བྱས་ན་ལོ་རེར་དབྱང་གཉིས་ཐཱན་རྫས་ཕྱིར་འབུད་ཚད་ཏུན་འབུམ་དགུ་ལྷག་ཇེ་ཉུང་དུ་འགྲོ་ངེས་ཡིན་པ་དང་། དེས་ས་གནས་དེ་གའི་སྡེ་ཁུལ་ལ་ཁོར་ཡུག་དང་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཐུབ་པ་མ་ཟད། འཛམ་གླིང་གི་ནུས་ཁུངས་གཙང་མ་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ཟེར།
པཱ་ཞིའི་ཕི་ཨའོ་དབྱི་ཁུལ་གྱི་ཁུལ་དཔོན་ལཱ་ཧྥེ་ཨར·ཧྥིན་ཏི་ལའེ་སིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་པཱ་ཞི་ཀུང་སིས་ཁུལ་དེར་འོད་ཤུགས་གློག་འདོན་ས་ཚིགས་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོས་གློག་འདོན་ས་ཚིགས་དེའི་ཁུལ་དེར་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་དང་ཆབས་ཅིག“རྩ་ཆེའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཤུལ་བཞག་སྔར་ལས་མང་པོ་བཞག་ཡོད”ཟེར།
ཐོན་སྐྱེད་དངུལ་གཏོང་གི་མགོ་རྩོམ་མཛད་སྒོར་ཞུགས་མཁན་ལེ་ཞི་ཧྥེ་རུ་སྡོད་པའི་སྤྱིའི་གཞུང་ཚབ་པ་ལན་ཧི་ཕིན་གྱིས་བཤད་རྒྱུར། ཀྲུང་གོས་པཱ་ཞི་བྱང་ཤར་རྒྱུད་ཀྱི་འཕེལ་རྒྱས་ཁྱད་སྟོབས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ས་ཁུལ་དང་ལག་གདང་སྦྲེལ་ནས་ནུས་ཁུངས་གཙང་མ་དང་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་ཐུན་མོང་གིས་འཕེལ་རྒྱས་གཏོང་བཞིན་ཡོད། མཱ་ལན་ཅ་ཐུའུ་འོད་ཤུགས་གློག་འདོན་ས་ཚིགས་ལེགས་འགྲུབ་ངང་ཐོན་སྐྱེད་བྱེད་མགོ་བརྩམས་པ་དེས་ཕི་ཨའོ་དབྱི་ཁུལ་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་མཐོ་རུ་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་ཐུན་མོང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།
ཤ་བོ་རིན་མཚོས་བསྒྱུར།