ཕ་ལི་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཟླ6པའི་ཚེས9ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། ཚེས8ཉིན་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པ་ལས་ཕ་ལི་སི་ཐན་གྱི་མི274རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི698ལ་རྨས་ཕོག་ཡོད་ཅེས་བཀོད་ཡོད།
ཚེས8ཉིན་དབྱི་སི་རལ་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་ས་རུ་ན་ནིང་ཟླ10པའི་ཚེས7ཉིན་ཧ་མ་སིས་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ4བསྐྱབས། དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པས་བཤད་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་མྱུར་སྐྱོབ་བརྒྱུད་རིམ་ཁྲོད་ཕ་ལི་སི་ཐན་གྱི་མི་སྣ་ཤི་རྨས་བཟོས་པ་དང་། ཤི་རྨས་བྱུང་བའི་མི་གྲངས100ལས་བརྒལ་མེད་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་ལ་ཨ་རིའི་གསང་འཕྲིན་གྱི་རྒྱབ་སྐྱོར་ཐོབ་ཡོད་ཟེར།
གཞན་ཡང་ཚེས8ཉིན་ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཐེངས་འདིའི་བྱ་སྤྱོད་ལ་ཨ་རིས་གསང་འཕྲིན་འདོན་སྤྲོད་དང་རྒྱབ་སྐྱོར་བྱས་ཡོད།
ཚེས8ཉིན་ཧ་མ་སིའི་ཁོངས་གཏོགས་ཀྱི་དྲག་ཆས་ཕྱོགས་ཁག་གི“ཁ་སང་སྟོང་ཤོག”གིས་དབྱི་སི་རལ་དམག་གིས་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ4བསྐྱབས་པའི་དུས་མཚུངས་སུ་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་གཞན་དག་སྐོར་ཞིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། དེའི་ཐད་དབྱི་སི་རལ་ཕྱོགས་ཀྱིས་ཁས་ལེན་གྱིན་མེད།
ཕ་ལི་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བྲེལ་མྱུར་གྲོས་ཚོགས་བསྡུས་ནས་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱེད་པའི་རེ་འབོད་སྐུལ་བཏང་། ཨ་པཱ་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཇུས་བྱས་ནས་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་ངོགས་སུ་ཐོན་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བྱེད་དགོས་ཟེར།
དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པར་ཕྱོགས་མང་པོས་རྒོལ་གཏམ་བཏང་།
ཅོར་ཏན་དང་ཨེ་ཅིབ། དབྱི་ལིང་སོགས་རྒྱལ་ཁབ་མང་པོ་ཞིག་གིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་པའི་སྒར་སར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱིས་ཕ་ལི་སི་ཐན་གྱི་མང་ཚོགས་ལ་རང་དགར་འཇབ་རྒོལ་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཤ་བོ་རིན་མཚོས་བསྒྱུར།