དངོས་སྐྱེལ་གྲུ་གཟིངས་གཉིས་ཡ་ཏིན་མཚོ་ཁུག་ཏུ་འཇབ་རྒོལ་ཐེབས་ནས་མེར་ཤོར།
2024.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཚེས9ཉིན་དབྱིན་ཇིའི་མཚོ་དོན་ལས་ཁུངས་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།   ཟོག་འདྲེན་གྲུ་གཟིངས་གཉིས་ཡ་ཏིན་མཚོ་ཁུག་ཏུ་འཇབ་རྒོལ་ཐེབས་རྗེས་མེར་ཤོར་བ་དང་སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་མེད།

ཚེས9ཉིན་དབྱིན་ཇིའི་མཚོ་ཐོག་བདེ་སྲུང་ཀུང་སི་ཨན་པུའུ་ལི་ཡིས་ཁྱབ་བསྒྲགས་བྱས་ཏེ་བཤད་རྒྱུར། ཨན་ཐི་ཀྭ་དང་པ་པུའུ་ཏའི་རྒྱལ་དར་བཀལ་བའི་ཟོག་འདྲེན་གྲུ་གཟིངས་ཤིག་ཉིན་དེར་ཡེ་མིན་ལྷོ་རྒྱུད་གྲུ་ཁ་ཡ་ཏིན་གྱི་ཤར་ལྷོའི་མཚོ་ལེ83གྱི་སར་འཕུར་མདེལ་གཉིས་ཕོག་ཡོད་ཟེར།     འཕུར་མདེལ་དང་པོ་གྲུ་གཟིངས་ཀྱི་མདུན་ཕྱོགས་སུ་ཕོག་པས་    ཟོག་འདྲེན་གྲུ་གཟིངས་མེ་ཤོར་བ་དང་།    འཕུར་མདེལ་གཉིས་པས་དམིགས་འབེན་ལ་ཕོག་མ་ཐུབ།     འཇབ་རྒོལ་བྱེད་སྐབས་ད་དུང་དྲག་ཆས་མི་སྣས་གྲུ་ཆུང་བསྐོར་ནས་ཟོག་འདྲེན་གྲུ་གཟིངས་དང་ཉེ་སར་བཅར་བ་མ་ཟད་མེ་མདས་བརྒྱབ།     མིག་སྔར་གྲུ་གཟིངས་སྟེང་གི་མེ་བསད་ཟིན་པ་དང་འཇབ་རྒོལ་ལས་གྲུའི་སྟེང་གི་མི་ཤི་རྨས་བྱུང་མེད།

གཞན་ཡང་དབྱིན་ཇིའི་མཚོ་ཐོག་ཚོང་དོན་བྱ་སྤྱོད་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། དངོས་སྐྱེལ་གྲུ་གཟིངས་གཞན་ཞིག་ཚེས8ཉིན་ཡ་ཏིན་ལྷོ་ནུབ་ཀྱི་མཚོ་ལེ70ཡི་སར“མི་གསལ་བའི་དངོས་གཟུགས་ལ་ཕོག་པ”དང་མཇུག་ཏུ་མེ་ཤོར་ཡོད་ལ་འཇབ་རྒོལ་གྱིས་མི་ཤི་རྨས་བྱུང་མེད་ཟེར།

གོང་གསལ་མཚོ་དོན་ལས་ཁུངས་གཉིས་ཀྱིས་འཇབ་རྒོལ་ཕོག་པའི་ཟོག་འདྲེན་གྲུ་གཟིངས་ཀྱི་མིང་ཕྱིར་བསྒྲགས་བྱས་མེད།     མིག་སྔར་འཇབ་རྒོལ་འདི་གཉིས་ལ་འགན་འཁུར་བའི་རྩ་འཛུགས་ཅི་ཡང་མེད།

ན་ནིང་ཟླ10པར་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གདོང་ཐུག་བྱུང་རྗེས། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་རྒྱ་མཚོ་དམར་པོའི་ཆུ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས།     ད་ལོའི་ཟླ1པོའི་ཚེས12ཉིན་ནས་བཟུང་། ཨ་རི་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་ཀྱི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་ནས་མི་སྣ་ཤི་རྨས་བྱུང་།     རྒྱལ་ཁབ་སྐོར་ཞིག་གིས་ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས་དེ་ནི་ཡེ་མིན་གྱི་བདག་དབང་ལ་བཙན་གནོད་བྱས་པ་ཞིག་ཡིན་པས། ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྲོ་སྲིད་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།