ཚེས10ཉིན་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྩ་འཛུགས་དེས་ཨ་རི་དང་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་པའི“གསང་མྱུལ་དྲ་རྒྱ”ཞིག་རྩད་ཆོད་པར་མ་ཟད་དྲ་རྒྱ་དེའི་ཁོངས་མི་མང་པོ་འཛིན་བཟུང་བྱས་ཡོད་ཟེར།
ཚེས10ཉིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་གསང་འཕྲིན་ཐད་ཀྱི་འགན་འཁུར་པ་ཧཱ་དབྱི་ཝ་ཉི་ཡིས་བརྙན་འཕྲིན་ལས་གསལ་བསྒྲགས་སྤེལ་ནས། གསང་མྱུལ་དྲ་རྒྱ་དེས“ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་གཞུང་ཕྱོགས་དང་གཞུང་ཕྱོགས་མིན་པའི་སྒྲིག་གཞིར་དགྲ་བོའི་ཆེད་དུ་གསང་མྱུལ་དང་གཏོར་བཤིག་གི་བྱ་སྤྱོད་སྤེལ་ཡོད”པ་དང་། དྲ་རྒྱ་དེའི་ཁོངས་མི་མང་པོ་ཞིག་གིས་སྔོན་ཆད་ཡེ་མིན་དུ་བཅའ་སྡོད་བྱེད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་དུ་བྱ་བ་སྒྲུབ་མྱོང་། 2015ལོར་ཡེ་མིན་དུ་བཅའ་སྡོད་བྱེད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་སྒོ་བརྒྱབ་རྗེས། ཁོངས་མི་དེ་དག་གིས“རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་ཀྱི་འགེབས་སྲུང་འོག་གཏོར་བཤིག་འཆར་གཞི་ལག་བསྟར་བྱས་པ”རེད་ཟེར།
ཨ་རི་དང་དབྱི་སི་རལ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་དེའི་ཐད་དཔྱད་གཏམ་ཅི་ཡང་སྤེལ་མེད།
ཚེས7ཉིན་ཡེ་མིན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་བཅའ་ཁྲིམས་ལས་དོན་པུའུ་ཀྲང་ཨའར་མན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཉེ་སྔོན་རྒྱལ་ས་ས་ན་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མངགས་པའི་དོན་གཅོད་ཁྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་སོགས་སྒྲིག་གཞིར་བྱ་བ་སྒྲུབ་མཁན་ཡེ་མེན་གྱི་སྤྱི་དམངས18འཛིན་བཟུང་བྱས་པ་བདེན་དཔང་བྱས།
ཚེས7ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སཱ་ནཱ་རུ་ལས་བྱེད་མི་སྣ11ཧུའུ་སའེ་དྲག་ཆས་ཀྱིས་འཛིན་བཟུང་བྱས་པ་གཏན་འཁེལ་བྱས་ཡོད་ཟེར། གནས་ཚུལ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“སེམས་ཁྲལ་ཧ་ཅང་ཆེན་པོ”བྱེད་ཀྱི་ཡོད་པ་དང་། མིག་སྔར་ཧུའུ་སའེ་དྲག་ཆས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱས་ནས“འབྲེལ་ཡོད་མི་སྣ་མྱུར་དུ་གློད་འགྲོལ་གཏོང་བར་འགན་ལེན་བྱེད་བཞིན་ཡོད”ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།