ཧཱ་མཱ་སིས་ཨ་རིས་བསྐྲུན་པའི་གནས་སྐབས་གྲུ་ཁས་ཅཱ་ཧྲའི་མི་ཆོས་ཉམས་ཉེན་ཞི་འཇགས་སུ་གཏོང་བར་བྱས་རྗེས་གལ་ཆེན་ཅི་ཡང་ཕུལ་མེད་པའི་ཚུལ་བསྟན།
2024.06.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཚེས10ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་སྦྱོར་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  ཨ་རིས་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་མཚོ་འགྲམ་དུ་བསྐྲུན་པའི་གནས་སྐབས་གྲུ་ཁ་དེ་སྤྱོད་མགོ་ཚུགས་པའི་ཚུན་ལ་ས་གནས་དེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐད་བྱས་རྗེས་གལ་ཆེན་ཅི་ཡང་ཕུལ་མེད་པ་དང་། “གྲངས་འབོར་ལ་ཧ་ཅང་ཚད་ཡོད་པའི”དངོས་པོ་གྲུ་ཁ་དེ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བཞིན་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།  གལ་སྲིད་ཨ་རི་སྲིད་གཞུང་གིས་མི་ཆོས་རིང་ལུགས་ལས་བྱུང་བའི་གནོད་འཚེ་ཇེ་ཆུང་དུ་གཏོང་བ་དང་།  ལྷག་བསམ་ཟོལ་མེད་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་རོགས་རམ་བྱེད་འདོད་ཡོད་ཚེ།  དབྱི་སི་རལ་ལ་གནོན་ཤུགས་སྤྲད་དེ་སྐམ་ལམ་གྱི་རྒྱལ་ཁོངས་བརྒལ་བའི་ས་ཚིགས་བརྒྱུད་ནས།  ཨེ་ཅིབ་ཀྱི་ཕྱོགས་སུ་ཕུང་གསོག་བྱས་ཡོད་པའི་རོགས་སྐྱོར་དངོས་རྫས་མང་པོ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

གསལ་བསྒྲགས་ནང་བཤད་རྒྱུར།  ཨ་རི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་བཙན་འཛུལ་བྱས་པ་དང་། རོགས་སྐྱོར་དངོས་པོ་ནང་འདྲེན་བྱེད་མི་ཐུབ་པ།   ཅཱ་ཧྲ་ས་ཁུལ་གྱི་ས་གནས་སོ་སོར་མུ་གེ་བྱུང་བ་བཅས་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ལ་ཁ་གཏད་འཇལ་བར་འགན་འཁུར་དགོས།   གསལ་བསྒྲགས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་དང་གཟབ་ནན་གྱི་བྱ་སྤྱོད་སྤེལ་ནས་རོགས་སྐྱོར་དངོས་པོ་ཅཱ་ཧྲ་ས་ཁུལ་གྱི་ས་ཆ་སོ་སོར་སྐྱེལ་བར་འགན་ལེན་བྱས་ཏེ། མང་ཚོགས་དང་འཕྲོད་བསྟེན་སྡེ་ཁག   གྲོང་ཁྱེར་དང་སྲིད་གཞུང་། དམངས་སྲུང་སོགས་སྡེ་ཁག་གི་དགོས་མཁོ་སྐོང་དགོས་པའི་འབོད་སྐུལ་བཏང་།

ཚེས9ཉིན་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ལས་བྱེད་མི་སྣའི་མི་ལུས་བདེ་འཇགས་ལ་བསམ་བློ་བཏང་ནས།   རྩ་འཛུགས་དེས་ཨ་རིའི་ཅཱ་ཧྲ་ས་ཁུལ་གྱི་གནས་སྐབས་གྲུ་ཁ་བརྒྱུད་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་པོ་སྤྲོད་མཚམས་བཞག་ཡོད་པར་བསྟན།   རྒྱུས་ལོན་བྱུང་བ་ལྟར་ན།  ཚེས8ཉིན་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་པ་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་མཛོད་ཁང་གཉིས་ལ་འཇབ་རྒོལ་ཐེབས་པ་དང་ལས་བྱེད་མི་སྣ་གཅིག་ལ་རྨས་སྐྱོན་ཕོག་འདུག

ཨ་རིའི་ཙུང་ཐུང་པའེ་ཏིན་གྱིས་ད་ལོའི་ཟླ3པར་རྒྱལ་ཁབ་ཀྱི་གནས་ཚུལ་སྐོར་གྱི་ཞུ་ཡིག་གཏམ་བཤད་སྤེལ་སྐབས།  ཨ་རིའི་དམག་གིས་ས་དཀྱིལ་མཚོ་ཁོངས་ཀྱི་ཅཱ་ཧྲ་ས་ཁུལ་དང་ཐག་ཉེ་བའི་ཆུ་ཁོངས་སུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་སྤྱོད་པའི་གནས་སྐབས་གྲུ་ཁ་ཞིག་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས།   ཟླ5ཚེས17ཉིན། གནས་སྐབས་གྲུ་ཁ་སྤྱོད་མགོ་བརྩམས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།