ཕོ་ལན་གྱིས་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་དུ་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཀོད་སྒྲིག་བྱས།
2024.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས10ཉིན། ཕོ་ལན་གྱིས་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་དུ་སྨིད200ཡོད་པའི་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཀོད་སྒྲིག་བྱས་ནས། ཁྲིམས་འགལ་གནས་སྤོར་སྡོད་དམངས་རྒྱལ་མཚམས་བརྒལ་ནས་ཡོང་བར་སྔོན་འགོག་བྱས།

ཕོ་ལན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཉིན་དེར་བྱང་ཤར་ཕྱོགས་ཀྱི་ཨུ་རུ་སི་དཀར་པོ་དང་ཉེ་བའི་པུས་ཡཱ་ཝེ་སི་ཐའོ་ཁི་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས། ཐུའུ་སི་ཁི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་ལྟར་ན། ཕོ་ལན་ནང་སྲིད་པུའུ་ཡིས་མཐའ་མཚམས་ས་ཁུལ་དེར་རིང་ཚད་ལ་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པ་དང་ཞེང་ཚད་ལ་སྨིད200ཡོད་པའི་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཀོད་སྒྲིག་བྱེད་པའི་འགན་ཁུར་རྒྱུ་ཡིན་པ་དང་། ཞི་འཇགས་སུ་གཏོང་བའི་ས་ཁུལ་དེ་འཛུགས་པའི་དམིགས་ཡུལ་ནི་ཁྲིམས་འགལ་གནས་སྤོར་སྡོ་དམངས་དག་ཕོ་ལན་དང་ཨུ་རུ་སི་དཀར་པོའི་རྒྱལ་མཚམས་བརྒལ་བར་བཀག་རྒྱ་བཟོ་བ་དང་། དེའི་ཞོར་དུ་ཕོ་ལན་གྱི་མཐའ་སྲུང་ཉེན་རྟོག་པ་དང་དམག་མིར་སྔར་ལས་བཟང་བའི་ལས་འགན་ལག་བསྟར་གྱི་ཆ་རྐྱེན་བསྐྲུན་པའི་ཆེད་དུ་ཡིན་ཟེར།

ཐུའུ་སི་ཁི་ཡིས་བསྟན་དོན། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཀྱི་འགན་འཁྲི་ཡིན་ཡང་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཙུགས་པ་ལས་དེར་འཚོ་བ་རོལ་བའི་ས་དེའི་སྡོད་དམངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ལྡོག་མེད་ཡིན་པས། སྲིད་གཞུང་གིས་ཤུགས་རྐྱེན་ཐེབས་པའི་སྡོད་དམངས་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་ཀྱི་བློ་འདྲིའི་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།

གཞན་ཡང་ཕོ་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཀྱང་ཉིན་དེར་པུས་ཡཱ་ཝེ་སི་ཐའོ་ཁི་ནས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། མཐའ་མཚམས་ས་ཁུལ་གྱི་གནས་ཚུལ་ཐག་གཅོད་བྱེད་པ་དང་ཁྲིམས་བསྟར་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། ཏུའུ་ཏཱ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ཉེ་སྔོན་ཕོ་ལན་གྱི་ཁྲིམས་བསྟར་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལྔ་བཅུ་ལྷག་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།