ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས10ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་འབད་བརྩོན་ཆེན་པོ་བྱས་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་ཡིད་འཐད་བྱུང་།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་པ་ཆེན་པོ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་། སེ་ཞི་ཡིས་ཐུག་འཕྲད་བྱེད་སྐབས་རྒྱལ་སྤྱིའི་མཉམ་ལས་དེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཀག་རྒྱ་སེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ས་ཁུལ་བར་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་དགོས་གལ་རང་བཞིན་ནན་བཤད་བྱས།
པུའུ་ལིན་ཁུན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཨེ་ཅིབ་བར་མཉམ་ལས་དང་མཐུན་སྦྱོར་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་དང་ཞི་བདེ་སླར་གསོ་བྱེད་རྒྱུ་ཡིན་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པུའུ་ལིན་ཁུན་གྱིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་གཉིས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་། བཀག་འཇུག་མི་སྣ་ཕྱིར་གཏོང་བ་དང་དེའི་བདེ་འཇགས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པ་ལྟར་ན། པུའུ་ལིན་ཁུན་གྱིས་ཟླ6པའི་ཚེས10ཉིན་ནས་ཚེས12ཉིན་བར་ཨེ་ཅིབ་དང་དབྱི་སི་རལ། ཅོར་ཏན། ཁཱ་ཐར་བཅས་ལ་འཚམས་འདྲི་བྱས་ཏེ། མཉམ་ལས་གྲོགས་པོ་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།