མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཁོངས་བརྒལ་བའི་རིག་གནས་གྲོས་མོལ་དེ་རྒྱུན་མཐུད་ཀྱི་མ་འོངས་པ་མངོན་འགྱུར་བྱེད་པར་གལ་འགངས་ཆེ་བའི་ཚུལ་བསྟན།
2024.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་པ་ལཱ་མའོ་སི་ཡིས་ཚེས10ཉིན་བརྙན་རིས་ཞུ་ཚིག་ཕུལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉེ་སྔོན་ཀྲུང་གོས་བཏོན་པའི་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱེད་པའི་གྲོས་ཆོད་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁོངས་བརྒལ་བའི་རིག་གནས་གྲོས་མོལ་ནི་རྒྱུན་མཐུད་ཀྱི་མ་འོངས་པ་མངོན་འགྱུར་བྱེད་པའི་གནད་འགག་ཡིན་ཟེར།

ལཱ་མའོ་སི་ཡིས་བཤད་རྒྱུར། རྒྱལ་ཁོངས་ལས་བརྒལ་བའི་རིག་གནས་གྲོས་མོལ་ནི་ཕན་ཚུན་རྒྱུས་ལོན་དང་མཉམ་ལས། ཡིད་ཆེས་འཛུགས་པའི་བྱེད་ཐབས་ཤིག་ཡིན། ནམ་ཟླའི་འགྱུར་ལྡོག་དང་རིམས་ནད། འཁྲུག་རྩོད། དེ་མིན་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་སྤྱི་ཚོགས་དང་དཔལ་འབྱོར་འདྲ་མཉམ་མིན་པ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མདུན་ནས། གཞན་ལ་སྡང་བའི་སེམས་ཁམས་དང་རིགས་རྒྱུད་རིང་ལུགས། ཐལ་དྲགས་སྣང་ཚུལ་བཅས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གཏོར་བཤིག་གཏོང་བཞིན་པའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དང་། བཟོད་སྒོམ་དང་རྒྱུན་མཐུད་ཀྱིས་འགྲན་རྩོད་དེ་དག་ཐག་གཅོད་བྱེད་པར་ང་ཚོས་མཐུན་སྒྲིལ་བྱེད་དགོས་ཟེར།

ལཱ་མའོ་སི་ཡིས་བཤད་རྒྱུར། དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱེད་པ་ནི་གྲོས་མོལ་སྦས་ཤུགས་སྔོག་འདོན་བྱེད་པའི་གོ་སྐབས་ཤིག་ཡིན་པ་དང་། དེས་བར་ཁྱད་ལས་བརྒལ་བའི་འབྲེལ་ཟམ་འཛུགས་ཐུབ་པར་མ་ཟད། འགྲན་རྩོད་ཡོད་ཚད་ཐག་གཅོད་བྱེད་པའི་བྱེད་ཐབས་འདོན་སྤྲོད་བྱེད་ཐུབ་ཟེར།

སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བདུན་ཉིན་གྲོས་མོལ་བྱས་ཏེ་ཀྲུང་གོས་བཏོན་པའི་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱེད་པའི་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་བར་མ་ཟད། ཟླ6པའི་ཚེས10ཉིན་དེ་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།