མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པས་དཔལ་ཡོན་གྲོས་མོལ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་སྒུལ་ཤུགས་གལ་ཆེན་ཡིན་པའི་ཚུལ་བསྟན།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པའོ་ཁི་ཝ་ཡིས་ཚེས10ཉིན་བསྟན་དོན། དཔལ་ཡོན་གྲོས་མོལ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་སྒུལ་ཤུགས་གལ་ཆེན་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ6པའི་ཚེས10ཉིན་དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་དང་། ཧ་ཅང་གལ་ཆེ་བའི་གྲོས་ཆོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁྲི་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་ལ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་དང་དཔལ་ཡོན་མི་འདྲ་བའི་བར་གྱི་ཕན་ཚུན་རྒྱུས་ལོན་དང་ངེས་ཤེས་ཇེ་དྲག་ཏུ་གཏོང་ཐུབ་ཟེར།

པའོ་ཁི་ཝ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱེད་པའི་ཆོད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མར་འཛུགས་པའི་སེམས་འདུན་དང་འཚམ་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཉེ་སྔོན་གྱི་གྲོས་ཆོད་མང་བོ་ལས་མཉམ་འབྲེལ་རྒྱལ་ཚོགས་དེ་དཔལ་ཡོན་མི་འདྲ་བའི་བར་གྲོས་མོལ་བྱེད་པའི་རང་བྱུང་གི་ཁྱིམ་གཞིས་སུ་བརྗོད་ཡོད་པ་དང་། གྲོས་མོལ་དེ་རིགས་ཀྱིས་མིའི་རིགས་ཀྱི་ལས་དོན་གྱི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ཐོབ་པར་བྱེད་ཐུབ་ཟེར།

པའོ་ཁི་ཝ་ཡིས་བལྟས་ན། དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱས་པ་དེ་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ཁྲོད་ཀྱི་སྐད་ཆ་ཚིག་གཅིག་དང་ཚད་མཐོའི་གཅིག་གྱུར་བྱུང་ཡོད་དེ། མིའི་རིགས་ལ་ལོ་རྒྱུས་བྱུང་བའི་ཚུན་ལ། ཕན་ཚུན་གྱི་གོམས་སྲོལ་དང་འཚོ་བར་རྒྱུས་ལོན་མེད་པ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་མི་རིགས་སོ་སོའི་བར་དོགས་གཞི་དང་ཡིད་མི་ཆེས་པའི་སྣང་ཚུལ་བྱུང་བའི་ཡོངས་ཁྱབ་ཀྱི་རྒྱུ་རྐྱེན་ཅིག་ཡིན་ལ། དོགས་གཞི་དང་ཡིད་མི་ཆེས་པའི་སྣང་ཚུལ་དེ་རིགས་ལས་ཕན་ཚུན་བར་གྱི་འགལ་བ་དེ་མཇུག་མཐར་འཐབ་འཁྲུག་ཏུ་འགྱུར་བཞིན་ཡོད་ཅེས་པ་དེ་རེད། 1945ལོར་བཙུགས་པའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཕན་འབྲས་ལྡན་པའི་རིག་གནས་སྣ་མང་ཅན་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱས་པ་དང་། རིག་གནས་གཞན་པ་རྒྱུས་ལོན་དང་རིག་གནས་ཀྱི་ཐུན་མོང་གི་གཞི་རྩའི་ཁྱད་ཆོས་འཚོལ་དགོས་པ་ནན་བཤད་བྱས་པར་མ་ཟད། སྣ་མང་ཅན་ལ་རོལ་མྱོང་བྱེད་ཤེས་པར་བྱེད་པ་ནི་མིའི་རིགས་ཀྱི་སྤྱི་ཕྱོགས་ཀྱི་ཞི་བདེ་མཉམ་གནས་ཀྱི་གནད་འགག་ཡིན་པ་རེད།

པའོ་ཁི་ཝ་ཡིས་བལྟས་ན། དེང་སྐབས་ཀྱི་འཛམ་གླིང་དེ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་རྒྱུན་མཐུན་འཕེལ་རྒྱས་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་པས། དཔལ་ཡོན་གྲོས་མོལ་དེ་ལྷག་ཏུ་གལ་འགངས་ཆེ། དཔལ་ཡོན་གྲོས་མོལ་ནི་རྒྱལ་སྤྱིའི་འབྲེལ་བའི་ཞོར་ཐོན་དངོས་རྫས་ཙམ་མིན་ལ། མིའི་རིགས་ཀྱི་དཔལ་ཡོན་གྱི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། གསར་གཏོད་ནུས་པ་དང་བསམ་བློ་གསར་བའི་འཕེལ་རྒྱས། ཤེས་བྱ་མཉམ་སྤྱོད་ཀྱི་རྒྱུན་མཐུད་སྒུལ་ཤུགས་ཡིན་པར་འདོད།

པའོ་ཁི་ཝ་ཡིས་བསྟན་དོན། དཔལ་ཡོན་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱས་པ་ལས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཔལ་ཡོན་བརྗེ་རེས་ཐད་ཀྱི་བྱ་འགུལ་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་དཔལ་ཡོན་མི་འདྲ་བའི་བར་གྱི་ཕན་ཚུན་རྒྱུས་ལོན་དང་ངོས་འཛིན་ཇེ་དྲག་ཏུ་གཏོང་བའི་རེ་བ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།