མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལི་པུ་ཡཱ་རུ་སྡོད་པའི་དོན་གཅོད་ཁང་གིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། ལས་ཁུངས་དེས་ལི་པུ་ཡཱའི་འགོག་སྨན་བརྒྱག་ས་བརྒྱ་ཕྲག་འགར་འགོག་སྨན་དོ་དམ་མ་ལག་སྒྲིག་སྦྱོར་བྱས་པ་དང་། བྱིས་པའི་ཐོ་འགོད་དང་འགོག་སྨན་བརྒྱབ་པའི་གནས་ཚུལ་ཟིན་འགོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བྱིས་པའི་ཐེབས་རྩ་ཚོགས་པས་ལི་པུ་ཡཱའི་རྒྱལ་ཁབ་རིམས་ནད་ཚོད་འཛིན་ལྟེ་གནས་བར་མཉམ་ལས་བྱས་ཏེ། ལི་པུ་ཡཱའི་འགོག་སྨན་བརྒྱག་ས624རུ་འགོག་སྨན་དོ་དམ་མ་ལག་སྒྲིག་སྦྱོར་བྱས། མ་ལག་དེ་བཀོལ་སྤྱོད་བྱེད་བདེ་བ་དང་། འགོག་སྨན་བརྒྱབ་པའི་བྱིས་པའི་གནས་ཚུལ་དང་གསོག་ཉར་བྱས་པའི་འགོག་སྨན་ལ་དུས་ལྟར་དོ་དམ་བྱེད་པའི་ཐད་བཀོལ་ཆོག དེའི་ཞོར་དུ་མ་ལག་དེས་ད་རུང་འགོག་སྨན་བརྒྱག་སའི་ལྟེ་གནས་དང་རྒྱལ་ཁབ་འགོག་སྨན་འཆར་འགོད་པུའུ་ཡི་གཞི་གྲངས་གཅིག་བསྡུས་བྱས་ནས། ལྟ་ཞིབ་ཚད་འཇལ་དང་དབྱེ་ཞིབ་ཀྱི་སྙན་ཞུ་ཞིབ་རྒྱས་འདོན་སྤྲོད་བྱེད་ཐུབ་ཟེར།
དེ་ལས་གཞན་བྱིས་པའི་ཐེབས་རྩ་ཚོགས་པས་ད་རུང་ལི་པུ་ཡཱའི་གྲོང་སྲིད་ཀྱི་འགོག་སྨན་གསོག་ཉར་མཛོད་ཁང་གི་སྒྲིག་ཆས་ལ་རྒྱང་བསྟེན་དྲོད་ཚད་ཚད་འཇལ་མ་ལག་སྒྲིག་སྦྱོར་བྱས་ཏེ། འགོག་སྨན་དག་ཆེས་བཟང་བའི་དྲོད་ཚད་དུ་གསོག་ཉར་བྱེད་པར་འགན་སྲུང་བྱས།
2011ལོར་ཁཱ་ཀྲ་ཧྥེ་ཡི་སྲིད་དབང་རྩ་རྫོགས་བྱས་རྗེས། ལི་པུ་ཡཱའི་གནས་བབ་ཟང་ཟིང་དུ་གྱུར། ལོ་མང་བོར་འཐབ་འཁྲུག་བྱུང་བའི་དབང་གིས་ལི་པུ་ཡཱའི་རྒྱལ་ནང་དུ་སྨན་རྫས་དཀོན་པ་དང་། བྱིས་པ་མང་བོར་དུས་ལྟར་འགོག་སྨན་བརྒྱག་ཐབས་མེད་པར་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།