ཧའེ་ཐིས་སྐབས་གསར་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཚེས11ཉིན་ཧའེ་ཐི་གཞུང་ཕྱོགས་ཀྱིས་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་སྐབས་གསར་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

བཀའ་ཁྲིམས་ལྟར་ན།   ཙུང་ལིས་ཅ་ལི·ཁི་ཉི་ཡེ་ཡིས་ནང་སྲིད་དང་རྒྱལ་ཁབ་ས་ཁོངས་པུའུ་ཀྲང་གི་འགན་ཁུར་ཞིང་། ཁ་ལུའོ་སི·ཨའེ་ཅུས་ཨེར་གྱིས་ཁྲིམས་འཛིན་དང་སྤྱི་པའི་བདེ་འཇགས་པུའུ་ཀྲང་གི་འགན་ཁུར་བ། ཏུའོ་སྨི་ཉེ་ཁི·ཏི་ཕི་དབྱི་ཡིས་ཕྱི་འབྲེལ་དང་ཆོས་ལུགས་ལས་དོན་པུའུ་ཀྲང་གི་འགན་ཁུར་བ། ཁའེ་ཐི་ལེན·ཧྥུ་ལུའོ་ལེ་སི་ཐ་ཨེར་གྱིས་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་བ། བཀའ་ཁྲིམས་ནང་ད་དུང་སྡེ་ཁག་གཞན་དག་བཅུ་ལྷག་ཙམ་གྱི་འགན་འཁུར་བ་བསྐོ་གཞག་བྱས་ཡོད།

ཁོ་ཉི་ཡེ་ཟླ5ཚེས28ཉིན་ཧའེ་ཐིའི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ཙུང་ལི་གསར་བར་བསྐོ་གཞག་བྱས།

2021ལོའི་ཟླ7ཚེས7ཉིན་ཧའེ་ཐིའི་སྐབས་དེའི་ཙུང་ཐུང་རུའོ་ཧྥུའུ་ནེར·མོ་དབྱི་ཚི་ལྐོག་གསོད་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་རེད། ཧའེ་ཐིས་ད་ལོའི་ཟླ2ཚེས7ཉིན་གྱི་སྔོན་ལ་འདེམས་བསྐོ་ཆེན་མོ་བྱ་རྒྱུ་གཏན་འཁེལ་བྱས་ཡོད་མོད།  འོན་ཀྱང་དུས་བཀག་ལྟར་སྤེལ་ཐུབ་མེད་པས་སྤྱི་ཚོགས་ཟང་ཟིང་དུ་གྱུར་ཡོད། ད་ལོའི་ཟླ2པའི་ཚེས29ཉིན་ནས་བཟུང།  ནག་ཚོགས་རྩ་འཛུགས་མང་པོ་ཞིག་གིས་རྒྱལ་ས་རྒྱལ་སྲས་གྲུ་ཁ་རུ་སྤྱི་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ནས་ཧའེ་ཐིའི་སྐབས་དེའི་ཙུང་ལི་ཨ་ལི་ཨེར·ཧེང་ལི་སྲིད་སྟེགས་ནས་འབབ་དགོས་པའི་རེ་བ་བཏོན་པ་རེད། ཟླ4ཚེས་25ཉིན། ཧའེ་ཐི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་རྒྱུའི་དམ་བཅའ་བཞག་པ་དང་། ཧིན་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ན། ཧའེ་ཐི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཀྱིས་འདེམས་བསྐོ་བྱས་པའི་ཙུང་ཐུང་གིས་ལས་འཁུར་མ་བྱས་སྔོན་གྱི་བར་བརྒལ་དུས་སྐབས་ནང་གནས་སྐབས་དམིགས་བསལ་གྱི་ཙུང་ཐུང་དབང་ཆ་སྤྱོད་ཀྱི་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།