ནེ་པཱ་ལའི་ཡུལ་སྐོར་འཇོན་མིའི་རྒྱ་སྐད་གསོ་སྦྱོང་འཛིན་གྲྭ་ཐེངས་དྲུག་པ་སྒྲུབ་མགོ་བརྩམས།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས11ཉིན་ནེ་པཱ་ལའི་ཡུལ་སྐོར་འཇོན་མིའི་རྒྱ་སྐད་གསོ་སྦྱོང་འཛིན་གྲྭ་ཐེངས་དྲུག་པ་དེ་ནེ་པཱ་ལའི་རྒྱལ་ས་ཀཱ་ཏི་མན་རྡུ་རུ་སྒྲུབ་མགོ་བརྩམས་ཤིང་། སྡོམ་པས་སློབ་མ60དུས་ཡུན་ཟླ་བ་དྲུག་གི་གསོ་སྦྱོང་ཁྲོད་ཞུགས།

ནེ་པཱ་ལའི་རིག་གནས་དང་ཡུལ་སྐོར།  དམངས་སྤྱོད་མཁའ་འགྲུལ་པུའུ་ཡི་པུའུ་ཀྲང་ཐ་མང་གིས་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་ནས།  ཀྲུང་གོ་ནི་ནེ་པཱ་ལའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི“རོགས་ཟླ་ནུས་ལྡན”ཞིག་ཡིན་པར་མ་ཟད།  ནེ་པཱ་ལའི་ཡུལ་སྐོར་ལས་རིགས་ཀྱི་ཁྲོམ་ར་ཞིག་ཀྱང་ཡིན། དེའི་སྡེ་ཁག་གི་དམིགས་ཡུལ་ནི་ཀྲུང་གོའི་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་ནེ་པཱ་ལར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་འགུག་རྒྱུ་དེ་ཡིན་པས།  རྒྱ་ཡིག་ཤེས་པའི་ཡུལ་སྐོར་སྣེ་ཤན་པ་སྟོང་ཕྲག་ཁ་ཤས་ཀྱིས་ཀྲུང་གོའི་ཡུལ་སྐོར་བར་ཞབས་འདེགས་ཞུ་དགོས། གཞན་ཡང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱས་ཚེ་ཕན་ཚུན་བར་གྱི་འབྲེལ་བ་རྒྱ་ཆེར་གཏོང་བར་ཕན་ཐོགས་ཡོད་ཟེར།

ནེ་པཱ་ལའི་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ལག་བསྟར་དཔོན་གྱི་ལས་རོགས་པ་ཞིས་ཁེ་མ་ཐི·ཞིན་ཀི·ཨ་ཡེར་གྱིས་ཤིས་ཚིག་ཕུལ་སྐབས།  ནེ་པཱ་ལའི་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གིས་མཉམ་ལས་རྒྱ་ཆེར་བཏང་ནས།  ཀཱ་ཏི་མན་རྡུ་ཕུད་པའི་ས་གནས་གཞན་དུ་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭ་འཛུགས་རྒྱུ་ཡིན་ཞེས་བཤད།

ནེ་པཱ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཁྲིན་སུང་གིས་རྒྱ་ཡིག་ནི་སྐད་ཡིག་ཅིག་ཡིན་པ་མ་ཟད། དེས་གནའ་བོའི་དཔལ་ཡོན་དང་རིག་གནས་ཤིག་མཚོན་གྱི་ཡོད་ལ་མ་འོངས་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཀྱང་མཚོན་གྱི་ཡོད། ཁོས་སློབ་མ་རྣམས་ཀྱིས་སློབ་སྦྱོང་གི་གོ་རིམ་བརྒྱུད་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཇིག་རྟེན་གྱི་ལྟ་བ་ཞིག་ཆགས་པར་སྐུལ་སློང་བྱས།

གསོ་སྦྱོང་འཛིན་གྲྭ་དེ་ནི་ནེ་པཱ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་གཙོ་སྒྲུབ་བྱས་པ་དང་།  ནེ་པཱ་ལའི་རིག་གནས་སློབ་གསོ་མཐུན་ཚོགས་དང་ནེ་པཱ་ལའི་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གིས་རོགས་སྒྲུབ་བྱས་པ་ཞིག་རེད། དུས་རིམ་སྔོན་མའི་གསོ་སྦྱོང་འཛིན་གྲྭ་ལྔ་ཡིས་ནེ་པཱ་ལའི་ཡུལ་སྐོར་ལས་རིགས་ལ་རྒྱ་ཡིག་ཤེས་པའི་ཡུལ་སྐོར་ཤེས་ལྡན་མི་སྣ200གསོ་སྐྱོང་བྱས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།