ཧཱ་མཱ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་མེད།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས11ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་མེད་ཟེར།

དབྱི་སི་རལ་གྱི་དཔོན་རིགས་དེའི་བཤད་ཚུལ་ལྟར་ན། དབྱི་སི་རལ་ཕྱོགས་ལ་ཧཱ་མཱ་སིའི་འབྲེལ་ཡོད་འཁྲུག་རྩོད་མཚམས་འཇོག་པའི་སྐོར་གྱི་འབྲེལ་ཡོད་གྲོས་གཞིའི་ལན་འབྱོར་ཡོད་ཀྱང་། ཧཱ་མཱ་སི་ཡིས་གྲོས་གཞི་དེར་བཟོ་བཅོས་ཆེན་པོ་བྱས་ཡོད་པས། དེ་ནི་གྲོས་གཞི་དེ་ཁས་ལེན་མ་བྱས་པའི་སྣང་ཚུལ་ཞིག་རེད་ཟེར།

ཁཱ་ཐཱ་ཨར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས11ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་དང་ཨེ་ཅིབ་ལ་ཧཱ་མཱ་སིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་ཐད་ཀྱི་ལན་འབྱོར་ཡོད་པ་དང་། ཁཱ་ཐར་དང་ཨེ་ཅིབ་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་བར་འདུམ་བྱ་འགུལ་མགོ་རྩོམ་བཞིན་ཡོད། རྒྱལ་ཁབ་གསུམ་གྱིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ཧཱ་མཱ་སིས་ལན་བྱིན་པའི་བྱེ་བྲག་གི་གནས་ཚུལ་ཞིབ་ཏུ་བསྒྲགས་མེད།

ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་ཉིན་དེའི་སྔ་དྲོར་མཉམ་འབྲེལ་གསལ་སྒྲོག་ཅིག་ལས་བསྟན་དོན། འདུམ་འགྲིག་བྱེད་མཁན་ཁཱ་ཐར་དང་ཨེ་ཅིབ་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་སྐོར་གྱི་ལན་སྤྲད་ཡོད་པ་དང་། ལན་དེ་ལས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་གོ་གནས་གཙོ་བོར་འཇོག་དགོས་པ་དང་། དབྱི་སི་རལ་གྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་རྒྱུན་མཐུད་བཙན་འཛུལ་མཚམས་འཇོག་དགོས་པར་མ་ཟད། ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པར་འདོད། ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པས་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་དབང་གིས་རྣམ་འགྱུར་ལེགས་པོ་བསྟན་ནས་གྲོས་མཐུན་འགོད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།