ཝུའུ་ཁི་ལན་གྱི་མཁའ་དམག་དང་ས་ཁུལ་སོ་སོའི་དམག་དོན་སྲིད་འཛིན་སྡེ་ཁག་གིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཝུའུ་ཁི་ལན་ལ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་སྐོར་ཐེངས་གསར་བའི་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་དང་བཅས་པའི་གྲོང་ཁྱེར་མང་བོར་འགས་གཏོར་བཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས12ཉིན་སྨྱན་བྱད་ལ་རྩོམ་ཡིག་སྤེལ་ཏེ། ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་དཔུང་གིས་སཱ་ལཱ་ཐའོ་ཧྥུའུ་མངའ་སྡེ་རུ་ཡོད་པའི་ཐུའུ-95རྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུས་ཝུའུ་ཁི་ལན་གྱི་མཁའ་ཁོངས་སུ་སྐོར་ཞིབ་འཕུར་མདའ་བཞི་གཏོང་འཕེན་བྱས། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ད་རུང་ཐན་པའོ་ཧྥུའུ་མངའ་སྡེ་དང་ཁི་ལི་མུས་ཡཱ་ནས་སོ་སོར་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་གྱི་ཡེ་དབྱེ་སི་ཁི་སོགས་སུ་དཔུང་འཇུག་རང་བཞིན་གྱི་མི་བསྡད་མེད་པའི་གནམ་གྲུ24བཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་བསྟན་དོན། ཉིན་དེའི་ཞོགས་པར་ཅི་ཧྥུའུ་དང་ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ། ཀྲ་པའོ་ལོ་རི་མངའ་སྡེ། པའོ་ཨར་ཐཱ་ཝ་མངའ་སྡེ། ཧཱ་ཨར་ཁི་ཧྥུའུ་མངའ་སྡེ། ཝུན་ནེ་ཁྲ་མངའ་སྡེ་སོགས་སུ་མཁའ་སྲུང་འགུལ་སྐྱོད་སྤེལ་ཡོད་ཟེར།
ཅི་ཧྥུའུ་མངའ་སྡེའི་དམག་དོན་དོ་དམ་ཅུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཉིན་དེའི་ཞོགས་པར་མངའ་སྡེ་དེར་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། བར་སྣང་འཇབ་རྒོལ་གྱི་ཉེན་བརྡ་དུས་ཚོད་གཉིས་ལ་བསྟུད་མར་གྲགས་པ་རེད། འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་ཆག་རོས་མངའ་སྡེ་དེའི་བཟོ་ལས་སྒྲིག་ཆས་ལ་ཕོག་ནས་མེ་སྐྱོན་ཆེན་པོ་བཟོས་ཡོད་ལ། མིག་སྔར་ཅི་ཧྥུའུ་མངའ་སྡེ་དང་ཅི་ཧྥུའུ་གྲོང་ཁྱེར་གྱི་མེ་གསོད་རོགས་སྐྱོར་མི་སྣ་བརྒྱ་ལྷག་གིས་མེ་གསོད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།