ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་པོ་ཞིག་གིས་ཚེས12ཉིན་བཤད་རྒྱུར། ཧཱ་མཱ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་བཟོ་བཅོས་ཀྱི་བསམ་འཆར་གསར་བ་བཏོན་མེད་ཟེར།
ཧཱ་མཱ་སིའི་དཔོན་པོ་དེས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧཱ་མཱ་སི་ཡིས་ད་ལོའི་ཟླ5བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཁྲོད་ཀྱི་འབྲེལ་ཡོད་དམ་བཅའ་བསྐྱར་སྒྲོག་བྱས་པ་ཙམ་ལས། ཕྱིར་ལེན་སྟེར་སྐབས་བསམ་འཆར་དང་གྲོས་གཞི་གསར་བ་གང་རུང་ལ་གྲོས་བསྡུར་བྱས་མེད་ཟེར།
དཔོན་པོ་དེས་བཤད་རྒྱུར། དབྱི་སི་རལ་གྱིས་མ་འོངས་པར་གྲོས་མོལ་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་འོག་ཡང་བསྐྱར་འཐབ་འཁྲུག་སློང་ཡང་སྲིད། ཧཱ་མཱ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཡང་བསྐྱར་འཐབ་འཁྲུག་སློང་མི་སྲིད་པར་ཁག་ཐེག་བྱེད་དགོས་པར་མ་ཟད། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་སོ་སོའི་བཀོད་སྒྲིག་ལག་བསྟར་བྱེད་པར་རེ་བཞིན་ཡོད། ཧཱ་མཱ་སི་ཡིས་འཚོལ་ཞིབ་བྱེད་པ་ནི་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ། ཡུལ་འཁྱམས་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཚང་མ་ཕྱིར་རང་ཁྱིམ་དུ་ལོག་པ། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་བྱ་བ། དེ་མིན་ས་ཁུལ་དེའི་བཀག་སྡོམ་མེད་པར་གཏོང་བ་བཅས་ཡིན་ཟེར།
ཧཱ་མཱ་སི་དང་དབྱི་སི་རལ། འབྲེལ་ཡོད་བར་འདུམ་ཕྱོགས་ཁག་གིས་ཟླ5བའི་ཟླ་མགོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྐོར་ཐེངས་གསར་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྤེལ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ5བའི་ཚེས31ཉིན་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་བཀག་འཇུག་མི་སྣ་ཚང་མ་ཕྱིར་གཏོང་བར་འགན་སྲུང་བྱེད་པའི་གྲོས་གཞི་གསར་བ་ཞིག་ཁྱབ་བསྒྲགས་བྱས་པ་དང་། གྲོས་གཞི་དེ་ནི་ཨ་མེ་རི་ཁ་དང་དབྱི་སི་རལ། ཁཱ་ཐར། ཨེ་ཅིབ། དེ་མིན་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་སྐོར་ཐེངས་མང་བོའི་ཕྱི་འབྲེལ་གྲོས་མོལ་ལས་བྱུང་བའི་གྲུབ་འབྲས་ཡིན་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།