པུའུ་ལིན་ཁུན་གྱིས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་ནང་དོན་སྐོར་ཞིག་བཟོ་བཅོས་བྱེད་པའི་བསམ་འཆར་བཏོན་པ་ལུགས་མཐུན་མིན་པའི་ཚུལ་བསྟན།
2024.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས12ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་བསྟན་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་བཏོན་པ་ལུགས་མཐུན་མིན་ཟེར།

པུའུ་ལིན་ཁུན་གྱིས་ཉིན་དེར་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཧཱ་མཱ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་ལན་བྱིན་པའི་གནས་ཚུལ་ལ་གྲོས་བསྡུར་བྱས།

པུའུ་ལིན་ཁུན་གྱིས་དེའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧཱ་མཱ་སི་ཨ་མེ་རི་ཁས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དེར་ཡིད་འཐད་བྱུང་མེད་པ་དང་། བཟོ་བཅོས་བྱེད་པའི་བསམ་འཆར་བཏོན་ཡོད། དེའི་ནང་ནང་དོན་སྐོར་ཞིག་ལུགས་མཐུན་ཡིན་ཡང་སྐོར་ཞིག་ལུགས་མཐུན་མིན་ཟེར། པུའུ་ལིན་ཁུན་གྱིས་འགལ་བ་ཐག་གཅོད་བྱེད་པའི་ཚོད་ལྟ་བྱེད་རྒྱུའི་ཚུལ་བསྟན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།