ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་ཡན་ལག་རུ་ཁག་ཅིག་ཚེས12ཉིན་གྱི་ཞོགས་པར་ཁུ་པཱའི་ཧཱ་ཝ་ནཱ་གྲུ་ཁར་འབྱོར་ནས། དུས་ཡུན་ཉིན6གི་འཚམས་འདྲི་མགོ་བརྩམས་པ་རེད།
ཨུ་རུ་སིའི་གྲུ་གཟིངས་རུ་ཁག་དེར་ཁཱ་ཧྲན་རྟགས་ཅན་གྱི་ཉིང་རྡུལ་ནུས་པའི་ཆུ་འཛུལ་གྲུ་གཟིངས་དང་། ཀི་ཨར་ཧྲི་ཁི་ཧྥུའུ་མཚོ་དམག་དམག་དཔོན་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས། ཕཱ་ཧྲིན་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས། ནེ་ཀུའུ་ལཱ་ཆི་ཁི་ཨར་རྟགས་ཅན་གྱི་མཚོ་ཁར་ལེན་བྱེད་ཀྱི་གྲུ་གཟིངས་བཅས་ཡོད། གྲུ་གཟིངས་རུ་ཁག་དེ་གྲུ་ཁར་འབྱོར་སྐབས། ཨུ་རུ་སིའི་གྲུ་གཟིངས་དང་ཁུ་པཱའི་དམག་དཔུང་གིས་གུས་ལུགས་སྟོན་པའི་མེ་སྒྱོགས་གཏོང་འཕེན་བྱས་ནས་ཕན་ཚུན་ལ་འཚམས་འདྲི་བྱས།
ཁུ་པཱའི་གསར་བརྗེའི་དྲག་ཆས་དམག་དཔུང་གིས་ཟླ་འདིའི་ཚེས6ཉིན་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨུ་རུ་སིའི་གྲུ་གཟིངས་རུ་ཁག་གིས་ཁུ་པཱ་རུ་འཚམས་འདྲི་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་མཛའ་མཐུན་འབྲེལ་བར་འཚམ་པར་མ་ཟད། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གཏན་འཁེལ་བརྩི་སྲུང་ནན་མོ་བྱས་ཡོད་ཅིང་། གྲུ་གཟིངས་ཚང་མས་ཉིང་རྡུལ་མཚོན་ཆ་སྒྲིག་སྦྱོར་བྱས་མེད་པས། ཁུ་པཱ་རུ་འཚམས་འདྲི་བྱེད་པའི་སྐབས་སུ་ས་ཁུལ་དེར་འཇིགས་ཉེན་བཟོ་མི་སྲིད། ཨུ་རུ་སིའི་མཚོ་དམག་གིས་ཁུ་པཱ་རུ་འཚམས་འདྲི་བྱེད་སྐབས་ཁུ་པཱི་གསར་བརྗེའི་མཚོ་དམག་གི་དམག་སྤྱི་དང་ཧཱ་ཝ་ནཱ་ཞིང་ཆེན་གྱི་ཧྲིན་ཀྲང་་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད། ས་དེའི་ལོ་རྒྱུས་རིག་གནས་ཀྱི་གནའ་ཤུལ་གྲགས་ཅན་ལ་ལྟ་སྐོར་བྱེད་རྒྱུ་རེད་ཟེར།
2008ལོའི་ཟླ12པར། ཨུ་རུ་སིའི་དམག་དོན་གྲུ་གཟིངས་རུ་ཁག་གིས་ཐོག་དང་པོར་ཁུ་པཱ་རུ་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།