ཚེས12ཉིན་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་གྱིས་པུའུ་ཏ་ཕེ་སི་ནས་བཤད་རྒྱུར། ཧང་ག་རིའི་ཙུང་ལི་ཡིས་བྱང་ཆིངས་ཀྱིས་ཝུའུ་ཁི་ལན་དུ་བྱ་སྤྱོད་སྤེལ་བར“དངུལ་དང་ནུས་ཤུགས་འདོན”མི་སྲིད་པ་དང་། ཧང་ག་རིས་མི་མངགས་གཏོང་མི་བྱེད་ལ་རང་རྒྱལ་ཁབ་ཀྱི་མངའ་ཁོངས་འཁྲུག་རྩོད་དེའི་ནང་ཞུགས་སུ་འཇུག་མི་སྲིད་ཟེར།
ཨོ་ཨར་པན་གྱིས་ཉིན་དེར་འཚམས་འདྲིར་ཕེབས་པའི་བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་དང་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ཚང་མས་ཤེས་གསལ་ལྟར། ཇི་ལྟར་བྱས་ནས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་འཁྲུག་རྩོད་མགྱོགས་མྱུར་ངང་མཇུག་སྒྲིལ་རྒྱུ་དང་ཞི་བདེ་མངོན་འགྱུར་ཡོང་བའི་གནད་དོན་ཐད་ཧང་ག་རིའི་ལངས་ཕྱོགས་དེ་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་ཆེ་བ་དང་མི་འདྲ་ཟེར།
ཨོ་ཨར་པན་གྱིས་བཤད་རྒྱུར། ཁོ་དང་སི་ཐའོ་ཨར་ཐིན་པེ་ཀི་ཡིས“དཀའ་ཚེགས་ཆེ་ཡང་དགེ་མཚན་ལྡན་པའི་གྲོས་མོལ”ཞིག་བྱས་པ་དང་། ཁོ་ལ་གྲོས་མོལ་བྱེད་སྐབས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་འཁྲུག་རྩོད་གནད་དོན་ཐད་ཧང་ག་རི་བྱང་ཆིངས་ཀྱི་མངའ་ཁོངས་ཕྱི་རོལ་གྱི་དམག་དོན་བྱ་སྤྱོད་ནང་ཞུགས་མི་དགོས་པ་ཁག་ཐེག་བྱས། ཧང་ག་རིས་བྱང་ཆིངས་ནང་ཁུལ་གྱི་གཏན་འབེབས་བཀག་འགོག་བྱེད་འདོད་མེད་ལ། གཏན་འབེབས་དེ་དག་ཧང་ག་རིས་གནས་བབ་ལ་དབྱེ་ཞིབ་བྱས་ནས་བཟོས་པའི་ལུགས་མཐུན་གྱི་གཏན་འབེབས་དང་མི་འདྲ་ནའང་ཧང་ག་རིས་བྱང་ཆིངས་ནང་ཁུལ་གྱི་གཏན་འབེབས་བཀག་འགོག་བྱེད་འདོད་མེད་ཟེར།
ཨོ་ཨར་པན་གྱིས་ཉིན་འགའི་སྔོན་ཧང་ག་རིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧང་ག་རི་ཡིས་བྱང་ཆིངས་ཀྱི་སྒྲོམ་གཞིའི་འོག་ཝུའུ་ཁི་ལན་གྱི་ནོར་སྲིད་དམ་དམག་དོན་རྒྱབ་སྐྱོར་ནང་ཞུགས་རྒྱུ་ཁས་མ་བླངས། “ངས་བལྟས་ན་ང་ཚོས་ནུས་ཤུགས་ཡོད་རྒུས་དམག་འཁྲུག་མཆེད་པར་བཀག་འགོག་བྱ་དགོས། གལ་ཏེ་ཡོ་རོབ་ཏུ་དམག་འཁྲུག་ཆེན་པོ་ལངས་ཚེ་ང་ཚོ་ཚང་མར་ཕམ་ཁ་འབྱུང་ངེས་རེད”ཟེར།
ཤ་བོ་རིན་མཚོས་བསྒྱུར།