མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱིས་ཚེས12ཉིན་སུའེ་ཙེར་གྱི་རི་ནེ་ཝ་རུ་ཡོད་པའི་ཝན་གོ་ཕོ་བྲང་ནས་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པའི་གླེང་སྟེགས་སྤེལ་ཏེ། ལས་ཁུངས་དེ་བཙུགས་ནས་ལོ་ངོ60འགོར་བར་རྗེས་དྲན་བྱས།
ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་འགྱུར་ལྡོག་ཆེ་བའི་འཇིག་རྟེན་ནས་འཕེལ་རྒྱས་ཀྱི་ལམ་ཐིག་གསར་བ་འབྲི་བཞེངས་བྱེད་དགོས་ཞེས་པ་དེ་ཡིན་ལ། ཚེས14ཉིན་བར་སྤེལ་རྒྱུ་རེད།
གླེང་སྟེགས་སྤེལ་བའི་སྐབས་སུ། རྒྱལ་ཁབ་མང་བོའི་སྲིད་གཞུང་གི་འཐུས་མི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། དེ་མིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཆེད་མཁས་པ་སོགས་ཀྱིས་གཞི་གྲངས་དཔལ་འབྱོར་དང་དངུལ་གཏོང་། ཐོན་ལས་སྲིད་ཇུས། འཛམ་གླིང་ཡོངས་ཀྱི་རིན་ཐང་མུ་འབྲེལ་སོགས་གླེང་གཞིར་དམིགས་ནས། འཛམ་གླིང་ཡོངས་ཀྱིས་ཉོ་ཚོང་དང་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གསར་བ་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལིན་སི་ཕན་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་། ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ་དང་མཱ་ཏཱ་ཀཱ་སི་ཁཱའི་ཙུང་ཐུང་ལཱ་ཆའོ་ལེ་ནཱ། ཏུང་ཏིས་ཝུན་གྱི་ཙུང་ལི་ཞཱ་ནཱ་ནཱ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་ནམ། དཔལ་འབྱོར་དང་ཁྲིད་དཔྱོད་པུའུ་ཀྲང་ཕཱ་མུའུ་ལན་སོགས་ཆབ་སྲིད་མགོ་ཁྲིད་པ་ཉིན་དེའི་མགོ་རྩོམ་མཛད་སྒོར་ཞུགས།
ཀུའུ་ཐི་ལོས་སི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ནི་འཛམ་གླིང་ཡོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞིའི་བཅོས་བསྒྱུར་ཐད་དུས་ཡུན་རིང་བོའི་བྱས་རྗེས་བཞག་ཡོད། མིག་སྔར་འཛམ་གླིང་ཧྲིལ་བོ་ས་ཁུལ་གྱི་ཆབ་སྲིད་འཁྲུག་རྩོད་དང་འདྲ་མཉམ་མིན་པའི་སྣང་ཚུལ། ནམ་ཟླའི་འགྱུར་ལྡོག། འཛམ་གླིང་ཡོངས་ཀྱི་བུ་ལོན་མཐོ་བ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་པས། ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་ཐུན་མོང་ལྟ་ཚུལ་བཀོད་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཉོ་ཚོང་དེ་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་དགོས་པ་ལས་ས་ཁུལ་གྱི་ཆབ་སྲིད་དགྲར་ལངས་ཀྱི་སྣང་ཚུལ་འབྱུང་མི་རུང་། འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་ནི་ལྷད་མེད་གསར་གཏོད་དང་ནམ་ཟླའི་འགུལ་སྐྱོད་ཀྱི་འབྱུང་ཁུངས་ཡིན་པ་ལས་ཁོར་ཡུག་ལ་གཏོར་བརླག་གཏོང་བ་མ་ཡིན་ཟེར།
ཀི་ལིན་སི་ཕན་གྱིས་བསྟན་དོན། ཕྱོགས་མང་རིང་ལུགས་ནི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་སོགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐབས་མཆོག་ཡིན་ཟེར། ཁོ་མོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གི་འཐུས་ཚབ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་ལོར་མ་ལག་ཁྲོད་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་བཏང་སྟེ། སྔར་ལས་འདྲ་མཉམ་གྱི་འཕེལ་རྒྱས་ཁོར་ཡུག་གསར་བསྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉོ་ཚོང་དང་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་རྒྱུན་བཙུགས་ལས་ཁུངས་ཤིག་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་གྲོས་འདོན་བྱས་ཏེ1964ལོར་བཙུགས་པ་རེད། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཚད་ཆེན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉོ་ཚོང་དང་དངུལ་གཏོང་གོ་སྐབས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། དེ་དག་ལ་རོགས་རམ་བྱས་ཏེ་འཛམ་གླིང་ཧྲིལ་བོ་ཅན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་འདྲ་མཉམ་གྱི་རྨང་གཞིའི་སྟེང་འཛམ་གླིང་གི་དཔལ་འབྱོར་ནང་འདྲེས་པར་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།