ཧུའུ་སའེ་དྲག་ཆས་ཀྱིས་རྒྱ་མཚོ་དམར་པོ་དང་ཡཱ་ཏིང་མཚོ་ཁུགས་སུ་ཟོག་འདྲེན་གྲུ་གཟིངས3ལ་འཇབ་རྒོལ་བྱས་ཡོད་ཟེར།
2024.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

སཱ་ན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས13ཉིན། ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་སཱ་ལེ་ཡཱ་ཡིས་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མི་མེད་གནམ་གྲུ་དང་མདེལ་ལམ་འཕུར་མདེལ་སྤྱད་དེ། རྒྱ་མཚོ་དམར་པོ་དང་ཡཱ་ཏིང་མཚོ་ཁུགས་སུ། དངོས་སྐྱེལ་གྲུ་གཟིངས3ལ་འཇབ་རྒོལ་བྱས་ཡོད་ཟེར།

སཱ་ལེ་ཡཱ་ཡིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་ཀྱིས་ཡཱ་ཏིང་མཚོ་ཁུགས་སུ“ཝེའར་པེ་ན”རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་ཤིག་ལ་འཕུར་མདེལ་འཕངས་པ་དངོས་སུ་ཕོག་ནས་གྲུ་གཟིངས་དེར་མེ་སྐྱོན་བཟོས་ཡོད།  རྩ་འཛུགས་དེས་ད་དུང་རྒྱ་མཚོ་དམར་པོ་རུ། “རྒྱ་མཚོའི་སྲུང་དམག་པ”རྟགས་ཅན་དང“ཨ་ཞིས་ན”རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་གཉིས་ལ་འཕུར་མདེལ་འཕངས་པ་དངོས་སུ་དམིགས་འབེན་ལ་གཟུར་མེད་ངང་ཕོག་ཡོད་ཟེར། སཱ་ལེ་ཡཱ་ཡིས་ནམ་འཇབ་རྒོལ་བྱས་པའི་ཞིབ་ཕྲའི་དུས་ཚོད་མ་བཤད།

ཚེས13ཉིན། ཨ་མེ་རི་ཁའི་ཀྲུང་དབྱང་བཀོད་འདོམས་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕཱ་ལའོ་རྒྱལ་དར་བཀལ་ཞིང་ཝུའུ་ཁི་ལན་ཀུང་ཟི་ཞིག་ལ་དབང་བའི“ཝེའར་པེ་ན”རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་ལ་ཉིན་དེར་ཡཱ་ཏིང་མཚོ་ཁུགས་སུ། ཧུའུ་སའེ་དྲག་ཆས་པས་འཕེན་གཏོང་བྱས་པའི་མདེལ་ལམ་འཕུར་མདེལ་གཉིས་ཕོག་ནས་གྲུ་གཟིངས་ལ་གཏོར་སྐྱོན་བཟོས་པ་དང་། གྲུ་གཟིངས་དེ་མེར་ཤོར་བར་མ་ཟད། གྲུ་པ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། མིག་སྔར“ཝེའར་པེ་ན”རྟགས་ཅན་གྱི་གྲུ་གཟིངས་དེའི་སྟེང་གི་གྲུ་པས་མེ་གསོད་བཞིན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།