ཟླ6པའི་ཚེས13ཉིན། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བྱང་རྒྱུད་ཀྱི་ཅཱ་ལིས་ལིས་མཚེའུ་ས་ཁུལ་དང་། དེ་བཞིན་རྒྱལ་ཁབ་དེས་ཚོད་འཛིན་བྱས་ཡོད་པའི་ཀི་ལན་མཐོ་སར་ཉིན་དེའི་ཕྱི་དྲོར་མེ་ཤུགས་འཕུར་མདེལ་དང་མི་མེད་གནམ་གྲུ45ཡིས་འཇབ་རྒོལ་བྱས་པའི་དབང་གིས། གནས་མང་བོར་མེ་སྐྱོན་ཆེན་པོ་བྱུང་ནའང་། དབྱི་སི་རལ་དམག་དཔུང་གི་མཁའ་ཟོན་མ་ལག་གིས་མེ་ཤུགས་འཕུར་མདེལ་དང་མི་མེད་གནམ་གྲུ་མང་པོ་ཞིག་བཀག་འགོག་བྱས་ཡོད་ཟེར།
དབྱི་སི་རལ་སྤྱི་པའི་རླུང་འཕྲིན་ཀུང་ཟིས་གནས་ཚུལ་གང་མགྱོགས་ངང་སྤེལ་ཏེ། འཕེན་གཏོང་བྱེད་སྒོ་ཐེངས་བརྒྱ་ལས་བརྒལ་ཡོད་ཟེར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ལག་ཐོགས་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་སྔོན་ཚུད་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། བྱང་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དུས་ཡུན་ཐུང་ངུའི་ནང་མཁའ་ཟོན་ཉེན་བརྡ་ཐེངས་གང་མང་ལ་གྲགས་ཟེར།
མེ་ཟོན་སྡེ་ཁག་གིས་མེ་ཤུགས་འཕུར་མདེལ་དང་དེ་བཞིན་བཀག་འགོག་བྱས་རྗེས་སར་ལྷུང་བའི་མདེལ་ལེབ་ཀྱིས་མེ་སྐྱོན་ཆེ་ཆུང15ཙམ་བཟོས་ཡོད་ཟེར། སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་བརྙན་ལམ་ལས་མངོན་པ་ལྟར་ན། འཛུགས་སྐྲུན་དངོས་པོ་ཁག་གཅིག་ལ་གཏོར་བཤིག་ཐེབས་པ་དང་ཞིང་ས་ཁག་ཅིག་མེར་ཤོར་ཡོད། མྱུར་སྐྱོབ་རྩ་འཛུགས“ཏཱ་ཝུའེ་ཕུབ་དམར་པོ”ཡིས་བཤད་པ་ལྟར་ན། མི་གཉིས་ལ་རྨས་ཡང་མོ་ཕོག་ཡོད་ཟེར།
ཚེས6ཉིན། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་བྱང་ཕྱོགས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ཀིའར་ཏིན་གྱིས་བཤད་རྒྱུར། ལེ་པཱ་ནོན་ཀྲིན་ཀྲུའུ་ཏང་ལ་གཞི་ཁྱོན་ཆེ་བའི་ཕར་རྒོལ་བྱེད་པའི་བཀོད་སྒྲིག་ཚགས་སུ་ཆུད་ཡོད་ཟེར། ཚེས5ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉིས་ཡཱ་ཧུའུ་ཡིས་བྱང་རྒྱུད་ཀྱི་མཁར་གྲོང་ཞེ་མོ་ནའི་དམག་དོན་རྟེན་གཞི་ཞིག་ལ་གཟིགས་ཞིབ་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་བྱང་རྒྱུད་དུ་ཡོད་པའི་ལེ་པཱ་ནོན་ཀྲིན་ཀྲུའུ་ཏང་ལ“ཛ་དྲག་གི་དམག་དོན་བྱ་སྤྱོད”སྤེལ་རྩིས་ཡོད་ཟེར།
ན་ནིང་གི་ཟླ10པའི་ཚེས7ཉིན་ནས་བཟུང་། ལེ་པཱ་ནོན་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་ལ་འཇབ་རྒོལ་ཐེངས་མང་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་ལེ་པཱ་ནོན་ལྷོ་རྒྱུད་ཀྱི་དམིགས་འབེན་ལ་མཁའ་རྒོལ་དང་མེ་སྒྱོགས་འཕངས་ནས་འཁོན་ལན་སློག་པ་རེད། ཕྱོགས་གཉིས་ཀ་ལེ་པཱ་ནོན་གྱི་མཐའ་མཚམས་སུ་འཁྲུག་རྩོད་བྱུང་བའི་དབང་གིས། ལེ་པཱ་ནོན་གྱི་ལྷོ་རྒྱུད་དང་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་ཡུལ་མི་མང་ཆེ་བ་ཕྱིར་འཐེན་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།