ཀྲུང་གོ་དང་ཨར་པཱ་ནི་ཡཱའི་ན་གཞོན་གྱི་གྲོས་མོལ་ཚོགས་འདུ་ཨར་པཱ་ནི་ཡཱའི་ཨར་པཱ་སིང་གྲོང་ཁྱེར་ནས་བསྡུས།
2024.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨར་པཱ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཨར་པཱ་ནི་ཡཱའི་ཨར་པཱ་སིང་གྲོང་ཁྱེར་གྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་དང་ཨར་པཱ་ནི་ཡཱའི་ན་གཞོན་གྱི་གྲོས་མོལ་ཚོགས་འདུ་ཚེས12ཉིན་ཨར་པཱ་སིང་གྲོང་ཁྱེར་ནས་བསྡུས། ཨར་པཱ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཕང་ཁྲོན་ཞོས་དང་ཨར་པཱ་སིང་གྲོང་ཁྱེར་གྱི་ཧྲི་ཀྲང་ལཱ་ཏིས་ཡཱ། ཨར་པཱ་ནི་ཡཱ་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནཱ་ནོའུ་སོགས་མི་བརྒྱ་ལྷག་བྱ་འགུལ་དེར་ཞུགས།

ཕང་ཁྲོན་ཞོས་ཀྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཨར་པཱ་ནི་ཡཱའི་སྲོལ་རྒྱུན་མཛའ་བརྩེ་ལ་རྨང་གཞི་བརྟན་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཉེ་བའི་ལོ་འགའི་རིང་ལ་བདེ་བླག་ངང་འཕེལ་རྒྱས་འབྱུང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ན་གཞོན་དག་གིས་རྒྱུན་ཆད་མེད་པར་ཕན་ཚུན་རྒྱུས་ལོན་བྱས་ཏེ། ཀྲུང་གོ་དང་ཨར་པཱ་ནི་ཡཱའི་མཛའ་བརྩེའི་རྒྱུན་འཛིན་མཁན་དང་སྐུལ་འདེད་གཏོང་མཁན། འཛུགས་སྐྲུན་མཁན་བཅས་སུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།

ལཱ་ཏིས་ཡཱ་ཡིས་བསྟན་དོན། ཀྲུང་གོས་རོགས་འཛུགས་བྱས་པའི་ཨར་པཱ་སིང་གསེར་བཙོ་སྦྱང་མཉམ་འབྲེལ་ཁེ་ལས་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་མཚོན་རྟགས་གལ་ཆེན་ཡིན། ཨར་པཱ་སིང་གྲོང་ཁྱེར་གྱིས་དུས་ཡུན་རིང་བོར་ཨར་པཱ་ནི་ཡཱ་དང་ཀྲུང་གོའི་མཛའ་འབྲེལ་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཉམ་འབྲེལ་ཁེ་ལས་དེར་བྱ་བ་བསྒྲུབ་མྱོང་བའི་བཟོ་བ་རྒན་པས་གྲོས་མོལ་ཚོགས་འདུའི་སྟེང་སྔོན་ཆད་ཀྲུང་གོའི་བཟོ་བ་དང་མཉམ་དུ་འབད་འཐབ་བྱས་པའི་གནས་ཚུལ་རྒྱས་བཤད་བྱས་པ་དང་། ཀྲུང་གོར་ཡོད་པའི་ཨར་པཱ་ནི་ཡཱའི་ཕྱི་འབྲེལ་སློབ་མས་ཀྱང་བརྙན་རིས་བརྒྱུད་དེ་ཀྲུང་གོ་དང་ཨར་པཱ་ནི་ཡཱའི་མཛའ་འབྲེལ་ཐད་སྨོན་འདུན་ཞུས།

སྔོན་ཆད་ཀྱི་ཀྲུང་གོར་སྡོད་པའི་ཨར་པཱ་ནི་ཡཱའི་གཞུང་ཚབ་ཆེན་མོ་ཀྲ་ནེ་ཡིས་བྱ་འགུལ་སྤེལ་སྐབས་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། ཨར་པཱ་ནི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒན་རབས་དག་གིས་བཙུགས་པའི་མཛའ་བརྩེ་དེ་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་ལ། མ་འོངས་པར་ཨར་པཱ་ནི་ཡཱ་དང་ཀྲུང་གོའི་ན་གཞོན་སྔར་ལས་མང་བོས་མཉམ་འབྲེལ་བྱེད་པའི་གནས་ཚུལ་མཐོང་བར་རེ་བཞིན་ཡོད་ཟེར།

ཨར་པཱ་ནི་ཡཱའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་མགོ་བ་ལཱ་ཅི་ཕིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨར་པཱ་ནི་ཡཱའི་ན་གཞོན་གྲོས་མོལ་ཚོགས་འདུ་ཡིས་ཨར་པཱ་ནི་ཡཱའི་ན་གཞོན་ལ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་རྒྱུས་ལོན་བྱེད་པ་དང་། ཁྱད་པར་དུ་རིག་གནས་དང་སྒྱུ་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ཁྱད་པར་དུ་ན་གཞོན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།