རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས13ཉིན་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ཕུའུ་ལེ་ཡཱ་ས་ཁུལ་ཆེན་མོའི་ཧྥ་སཱ་ནོའུ་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཚོགས་རའི་ཉེ་འཁོར་ས་ཁུལ་དུ་ཉིན་དེར་ངོ་རྒོལ་བྱ་འགུལ་ཐེངས་མང་སྤེལ།
ཐེངས་འདིའི་མཐོ་རིམ་གྲོས་ཚོགས་དེ་གཙོ་བོ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་། ཅཱ་ཧྲ་ས་ཁུལ་གྱི་གནས་བབ། ནམ་ཟླའི་འགྱུར་ལྡོག མིས་བཟོས་རིག་ནུས་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱེད་རྒྱུ་རེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་ལས་གཞན། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་བཅུ་ཕྲག་འགའ་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།
དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པར་སྒོ་འབྱེད་བྱས་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སོགས་གནད་དོན་ཐག་གཅོད་བྱེད་དགོས་པ་ལས་གཞན་ད་རུང་ཧིན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་ལྷག་ཏུ་དོ་སྣང་བྱེད་དགོས་ཟེར།
ཉིན་དེའི་ཕྱི་དྲོར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་སྒོར་ཅོག་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་བཀག་འཇོག་བྱས་པའི་མེ་སྒོར་ཁྲག་ཁྲིག་གསུམ་གྱི་རྒྱུ་ནོར་གྱི་བུ་ལོན་བཀོལ་ནས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་ཆེན་ལྔའི་དངུལ་བུན་འདོན་སྤྲོད་བྱེད་པ་གཙོར་བཟུང་ནས་གྲོས་བསྡུར་བྱས། དོན་དེའི་ཐད་ནས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སིའི་བཀག་འཇོག་ཐེབས་པའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་རྩིས་ཡོད་པ་དང་། དེ་ནུབ་ཕྱོགས་རྒྱལ་ཁབ་ལ་མི་ཕན་པར་མ་ཟད། དཔལ་འབྱོར་གྱི་ཉམས་ཉེན་འབྱུང་དུ་འཇུག་སྲིད་ཟེར།
དེ་ལས་གཞན་ཨ་མེ་རི་ཁ་དང་འཇར་པན་གྱིས་ཉིན་དེར་སོ་སོར་ཝུའུ་ཁི་ལན་བར་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་བཀོད་དེ། ཝུའུ་ཁི་ལན་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཁྲོད་ཆེས་མཇུག་མཐར་ཝུའུ་ཁི་ལན་བར་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་བཀོད་པའི་རྒྱལ་ཁབ་ཏུ་གྱུར་བ་རེད།
ཉིན་དེར་ངོ་རྒོལ་མཁན་མང་བོ་མཐོ་རིམ་གྲོས་ཚོགས་ཚོགས་ས་དང་བར་ཐག་སྤྱི་ལེ་དྲུག་ཅུ་ཡོད་པའི་པུའུ་ལིན་ཏིས་ཞི་གྲོང་ཁྱེར་དུ་འདུས་ཤིང་། མི་ལ་ལས་ཕཱ་ལེ་སི་ཐན་གྱི་རྒྱལ་དར་བཟུང་བ་དང་། ཡུལ་དངོས་སུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད། སའི་གོ་ལར་གཏོར་བརླག་གཏོང་མཚམས་ཞོག འཐབ་འཁྲུག་མི་དགོས་ལ་སོགས་པའི་འཕྲེད་བྱང་བཟུང་ཡོད། ངོ་རྒོལ་མཁན་གྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་། སྤྱི་ཚོགས་འདྲ་མཉམ། ཞི་བདེ་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་མེད་པ་དང་། དོན་དངོས་ཀྱི་བྱེད་ཐབས་སྤྱད་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱས་མེད་པར་ངོ་རྒོལ་བྱས།
ངོ་རྒོལ་ལ་ཞུགས་པའི་འཇར་མན་གྱི་སྒྱུ་རྩལ་སྦྱོང་མཁན་གྱི་སློབ་མ་ལུའུ་ཁཱ་སི་ཧུའུ་ཧྥོ་ཐི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་སྐབས་གཡོ་རྫུན་ཆེ་བ་དང་། འཛམ་གླིང་གི་སྟོབས་ཤུགས་ཞན་པའི་ཚོགས་ཁག་ལ་རོགས་རམ་ཅི་ཡང་ཐོབ་མེད་ཟེར།
ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚོགས་རའི་ཉེ་འཁོར་དུ་ཉིན་རེ་བཞིན་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། དབྱི་ཐཱ་ལེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་འཁོར་ས་ཁུལ་དུ་ཉེན་རྟོག་པ་སྟོང་བདུན་ཙམ་བཀོད་སྒྲིག་བྱས་ཡོད་ཟེར།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དེ་དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་ཀྱིས་གྲུབ་ཡོད་པ་དང་། དབྱི་ཐཱ་ལེ་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།