ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་ཡོན་གྲོས་མོལ་དར་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཚེས14ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཕུའུ་ཚུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་ཡོན་གྲོས་མོལ་དར་སྤེལ་བྱས་ནས།  རྒྱལ་ཁབ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བསྟུན་མཁས་ལ་སྐུལ་འདེད་གཏོང་བ།   མཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་འབོད་སྐུལ་བཏང་།

ཕུའུ་ཚུང་གིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བསྟུན་མཁས་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས།   སྣ་མང་རང་བཞིན་ནི་འཛམ་གླིང་ཤེས་དཔལ་གྱི་གཞི་རྩའི་ཁྱད་ཆོས་ཡིན་པ་དང་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་མིའི་རིགས་ཡར་ཐོན་ཡོང་བའི་འབྱུང་ཁུངས་ཡིན། “ཤེས་དཔལ་ཁྱད་འཕགས་སྨྲ་བ”དང་“ཤེས་དཔལ་འགལ་ཟླ་སྨྲ་བ”ཡིས་རྒྱལ་ཁབ་དང་མི་རིགས་བར་གྱི་འགལ་རྐྱེན་ཇེ་ཆེར་འགྲོ་བར་མ་ཟད།  འདུ་ཤེས་འཛིན་སྟངས་དང་ས་བབ་ཆབ་སྲིད་ཀྱི་འགྲན་རྒོལ་གྱི་ཉེན་ཁ་དེ་བས་ཆེ་རུ་འགྲོ་སྲིད། ཀྲུང་གོའི་མགོ་ཁྲིད་པས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་མགོ་བཏོན་ནས།  འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ།  ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས།   གཟའ་འཁོར་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས78པའི་སྟེང་།  ཀྲུང་གོས་བཏོན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས།  ལོ་རེའི་ཟླ6ཚེས10ཉིན་ཤེས་དཔལ་གྲོས་མོལ་གྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས།   ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོས་གྲོས་ཆོད་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་ཤེས་དཔལ་གྲོས་མོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ།  མཐོང་ཆུང་དང་ཕྱོགས་ཞེན་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་དམངས་སེམས་ཕན་ཚུན་འབྲེལ་འདྲིས་ལ་སྐུལ་འདེད་བཏང་ནས་མཉམ་ལས་བྱས་ཏེ།  མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་དྲང་ཕྱོགས་ཀྱི་ནུས་པ་འདོན་པར་འབོད་སྐུལ་གཏོང་བཞིན་ཡོད།

ཕུའུ་ཚུང་གིས་བསྟན་དོན།   སྣེ་མང་ཅན་ནི་དེང་སྐབས་འཛམ་གླིང་གི་གཞི་རྩའི་འཕེལ་ཕྱོགས་ཤིག་རེད། རྒྱལ་ཁབ་དང་རྒྱལ་ཁབ་སྡེ་ཚོགས་ཚང་མས་གོ་ལ་ཧྲིལ་པོའི་སྣེ་མང་མ་ལག་ཁྲོད་རང་ཉིད་ཀྱི་གོ་གནས་ཡོད་པར་རེ་བ་བྱེད་ཀྱི་ཡོད། འཛམ་གླིང་ནི་རྒྱ་ཆེ་བས་རྒྱལ་ཁབ་ཚང་མ་མཉམ་དུ་འཚར་ལོངས་འབྱུང་ཐུབ་པར་ཀྲུང་གོ་ཕྱོགས་ལ་ཡིད་ཆེས་ཡོད།  དུས་མཚུངས་སུ་རྒྱལ་ཁབ་བར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཉུང་ཤས་ཀྱིས་རྒྱལ་སྤྱིའི་ལས་དོན་སྒེར་སྡེམ་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད།  རྒྱལ་ཁབ་སོ་སོས་རང་བདག་གིས་བདམས་པའི་ཆབ་སྲིད་ལམ་ལུགས་ལ་བརྩི་འཇོག་དང་། རྒྱལ་ཁབ་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་སོ་སོའི་ལུགས་མཐུན་གྱི་བདེ་འཇགས་ལ་དོ་ཁུར་དང་ཁེ་ཕན་གྱི་རེ་འདུན་ལ་ལྟ་རྟོག་བྱ་དགོས།

ཕུའུ་ཚུང་གིས་བསྟན་དོན།  སྤྱི་ཚོགས་ཀྱི་བསྟུན་མཁས་ནི་མི་སྒེར་གྱི་ཁེ་དབང་དང་འབྲེལ་བ་ཡོད་པར་མ་ཟད།  རྒྱལ་སྤྱིའི་འབྲེལ་བར་ཤུགས་རྐྱེན་ཡང་ཐེབས་སྲིད།  རྒྱལ་ཁབ་ཁ་ཤས་སུ་སྤྱི་ཚོགས་རལ་ནས་ཆབ་སྲིད་སྣེ་འགྱུར་གྱི་གནད་དོན་མངོན་གསལ་ཡིན་པས། རང་ངོས་བརྟན་འཇགས་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པར་མ་ཟད། དེའི་ཕྱི་འབྲེལ་སྲིད་ཇུས་ཉིན་བཞིན་བག་འཁུམ་ཅན་དུ་འགྱུར་བཞིན་ཡོད་པས། རྒྱལ་སྤྱིའི་ཁོར་ཡུག་གི་བརྟན་འཇགས་དང་ངེས་གཏན་མིན་པའི་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བསམ་བློ་ཞིབ་མོ་གཏོང་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ། འདུ་ཤེས་ཡང་དག་རྒྱུན་འཁྱོངས་བྱེད་པ།  སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས།   རྒྱལ་ཁབ་སོ་སོས་ཁྲིམས་ལྟར་གཏམ་བརྗོད་རང་དབང་འགན་སྲུང་བྱེད་པ་དང་མཉམ་དུ་ཐུན་མོང་སྒོས་འབད་བརྩོན་བྱས་ཏེ།  ཁྲིམས་ལྟར་ཆ་འཕྲིན་རྫུན་མ་དང་འཁོན་འཛིན་གཏམ་བརྗོད་ལ་རྡུང་རྡེག་གཏོང་བ།  ཚད་ཆེས་ཆེ་བའི་སྒོ་ནས་གོང་གསལ་གཏམ་བརྗོད་ཀྱི་ལྡོག་ཕྱོགས་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས་མཐུན་སྒྲིལ་ཁོང་ཡངས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྱེད་སྲིང་བྱ་དགོས།

ཕུའུ་ཚུང་གིས་བསྟན་དོན།  རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་ནི།  བསྟུན་མཁས་རང་བཞིན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་ལ་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། མིག་སྔར་ལྷོ་བྱང་འཕེལ་རྒྱས་ཀྱི་འགལ་རྐྱེན་མུ་མཐུད་དུ་ཆེ་རུ་སོང་བ་དང་། 2030ལོའི་གྲོས་རིམ་ལ་མྱུར་ཚད་ཤོར་ནས་ལམ་ཐིག་དང་བྲལ་བའི་ཉེན་ཁར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་མོས་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཁོར་ཡུག་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ལུགས་མཐུན་འཕེལ་རྒྱས་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།  དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཁས་ལེན་ལག་བསྟར་ཏན་ཏིག་བྱས་ཏེ།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་དང་ལག་རྩལ། ནུས་པ་བཅས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ནི།   དར་རྒྱས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་རང་ཉིད་སྒེར་སྡེམ་གྱི་ལེགས་ཆ་དོན་གཉེར་དང་། ཚོང་རའི་དཔལ་འབྱོར་གྱི་རྩ་དོན་དང་རྒྱབ་འགལ་བྱས་ཏེ་སྲུང་སྐྱོང་རིང་ལུགས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་བཏོན་པ་དང་། ཐ་ན་ཕྱོགས་རྐྱང་པའི་དཔལ་འབྱོར་བཙན་ཤེད་ཀྱིས་ཁྱབ་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གྱི་གོ་རིམ་དཀྲུག་པ་དང་། འཛམ་གླིང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་འགོག་རྐྱེན་བཟོས་ནས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་འཚེ་ཕོག་ཡོད།  ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་སྒོ་དབྱེ་མཉམ་རྒྱལ་གྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས།  མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ཐུན་མོང་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

ཕུའུ་ཚུང་གིས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་འབྲེལ་གཏུག་དང་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་སྟེ། གུ་ཡངས་ཀྱི་ཐབས་ལམ་ལག་ལེན་གང་ཐུབ་བྱས་ཏེ་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་བདེ་འཇགས །ཐུན་མོང་ཡར་ཐོན་བཅས་ཡོང་བ་བྱ་རྒྱུའི་འབོད་སྐུལ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།