ལཱ་མཱ་ཧྥུའུ་སཱ་ཡང་བསྐྱར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་བདམས་ཐོན་བྱུང་།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་སྐྱོང་ཏང་གི་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི། འགན་བཞེས་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཚེས14ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་འོག་མའི་གྲོས་ཚོགས་ཐོག་མའི་སྟེང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་བདམས་པ་དང་། བསྟུད་མར་འགན་བཞེས་པ་རེད།

ཉིན་དེར། སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་འོག་མའི་གྲོས་ཚོགས་ཐོག་མ་དེ་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་ནས་འཚོགས་པ་དང་། གསར་དུ་བདམས་ཐོན་བྱུང་བའི་གྲོས་མི་གསར་བ་རྣམས་ཀྱིས་གྲོས་དཔོན་དང་གྲོས་དཔོན་གཞོན་པ་འདེམ་བསྐོ་བྱས་རྗེས་འདེམས་ཤོག་འཕངས་ནས་ཙུང་ཐུང་འདེམས་བསྐོ་བྱས། ཚོགས་འདུར་མགོ་འཛིན་བྱེད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཙོང་ཏོའོ་ཡིས་འདེམས་ཤོག་གི་ཁ་གྲངས་བརྩིས་ནས་ལཱ་མཱ་ཧྥུའུ་སཱ་ལ་འདེམས་ཤོག་ཉིས་བརྒྱ་གྱ་གསུམ་ཐོབ་ཡོད་པ་དང་། འདེམས་ཤོག་འཕངས་པའི་མཇུག་འབྲས་ལ་གཞིགས་ཏེ། ལཱ་མཱ་ཧྥུའུ་སཱ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་འདེམས་པ་ཁྱབ་བསྒྲགས་བྱས།

ལཱ་མཱ་ཧྥུའུ་ས་ཙུང་ཐུང་ལ་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་ནས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་ཀྱིས་རྩ་ཁྲིམས་ཀྱི་སྒྲིག་གཞིའི་ནང་སྲིད་ཏང་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། དབུལ་ཕོངས་དང་འདྲ་མཉམ་མིན་པ། ལས་ཤོར་སོགས་ཀྱི་འགྲན་སློང་ལ་ཁ་གཏད་ནས། ཞི་བདེ་དང་། དྲང་བཞག རིགས་རྒྱུད་ལམ་ལུགས་དང་ཕོ་མོར་མཐོང་ཆུང་མི་བྱེད་པ་རྨང་གཞིར་བྱས་པའི་དམངས་གཙོའི་སྤྱི་ཚོགས་བཙུགས་ཏེ། དམངས་ཡོངས་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཁོ་རང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཡིན་པའི་ཆ་ནས། དམིགས་འབེན་འདི་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་རྩ་ཁྲིམས་ལྟར་ན། གྲོས་མི་རྣམས་ཀྱིས་ཙུང་ཐུང་འདེམས་བསྐོ་བྱས་པ་དང་། འགན་བཞེས་ཡུན་ལོ་ལྔ་ཡིན། འཆར་འགོད་ལྟར་དུ། ལཱ་མཱ་ཧྥུའུ་སཱ་ཡིས་ཚེས19ཉིན་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡ་ནས་འགན་བཞེས་དམ་བཅའ་འཇོག་རྒྱུ་རེད།

ཟླ5པའི་ཚེས29ཉིན་སྤེལ་བའི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་ཁྲོད་དུ། ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་ལ་རྒྱལ་དམངས་གྲོས་ཁང་གི་གོ་གནས་བཞི་བརྒྱ་ལས་གོ་གནས་བརྒྱ་དང་ང་དགུ་ཐོབ་པ་དང་། རྒྱལ་དམངས་གྲོས་ཁང་གི་ཏང་ཆེན་མོ་དང་པོའི་གོ་གནས་རྒྱུན་འཛིན་བྱས་ཡོད། རྒྱལ་དམངས་གྲོས་ཁང་ལས་གོ་གནས་ཕྱེད་ཀ་ཡན་ཐོབ་མེད་པར་བརྟེན། ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱིས་སྲིད་ཏང་གཞན་དག་དང་མཉམ་འབྲེལ་མི་བྱེད་ཀ་མེད་དུ་གྱུར་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱང་སྒྲོག་ཀུང་ཟིའི་ཚེས14ཉིན་བསྒྲགས་རྒྱུར། ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་དང་ངོ་རྒོལ་ཏང་ཆེན་མོ་དམངས་གཙོའི་མནའ་འབྲེལ་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་རྒྱུར་མིང་རྟགས་བཀོད་ཡོད་ཟེར།

ལྷ་མོ་འཚོས་བསྒྱུར།