ཝུའུ་ཁི་ལན་གྱི་མངའ་ཁོངས་ཡོངས་སུ་མཁའ་ཟོན་ཉེན་བརྡ་ཐེངས་གསུམ་གྲག་ནས་ས་ཆ་མང་པོར་འབར་གས་ཀྱི་སྒྲ་བསྟུད་མུར་མཆེད།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཝུའུ་ཁི་ལན་གྱི་མཁའ་ཟོན་སྔོན་བརྡའི་མ་ལག་གིས་ཡོངས་བསྒྲགས་བྱས་པའི་ལྟ་སྐུལ་ཚོད་འཛིན་ཆ་འཕྲིན་ལྟར་ན། ས་དེའི་དུས་ཚོད་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ17གྱི་སྟེང་དུ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཡོངས་ལ་ཉིན་དེར་མཁའ་ཟོན་ཉེན་བརྡ་ཐེངས་གསུམ་ལ་གྲག་པ་དང་། ཅིས་ཧྥུའུ་མངའ་སྡེ་དང་ཅིས་ཧྥུའུ་གྲོང་ཁྱེར། ཧི་མེ་ལིས་ཉིས་ཚི་ཅིས་མངའ་སྡེ་བཅས་ཀྱི་ཁང་སི་ཐན་ཏིན་ནའོ་ཧྥུའུ་རྙིང་པ་རུ་འབར་གས་ཀྱི་སྒྲ་བསྟུད་མུར་གྲག

ཉིན་དེའི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། ཝུའུ་ཁི་ལན་མཁའ་དམག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་མཁའ་རྒོལ་གྱི་ཉེན་གཏོང་སྔོན་བརྡ་བསྟུད་མར་ཁྱབ་སྒྲོག་བྱས་ནས། ཝུའུ་ཁི་ལན་གྱི་བྱང་ཤར་རྒྱུད་དང་ཤར་རྒྱུད་ཕྱོགས་སུ། ཨུ་རུ་སུའི་དམག་འཐབ་གནམ་གྲུའི་སྦྱོར་དངོས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཨུ་རུ་སུའི་འཕུར་མདེལ་ཅིས་ཧྥུའུ་གྲོང་ཁྱེར་དང་ཧི་མེ་ལིས་ཉིས་ཚི་ཅིས་མངའ་སྡེ་ཕྱོགས་སུ་འཕེན་གྲབས་ཡོད་པས། ཝུའུ་ཁི་ལན་གྱི་མངའ་ཁོངས་ཡོངས་ལ་འཕུར་མདེལ་འཇབ་རྒོལ་གྱི་ཉེན་ཁ་འཕྲད་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་ཟོན་སྔོན་བརྡའི་མ་ལག་གིས་ཡོངས་བསྒྲགས་བྱས་པའི་ལྟ་སྐུལ་ཚོད་འཛིན་ཆ་འཕྲིན་ལྟར་ན། ཚེས14ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་གསུམ་དང་དྲུག་གི་སྟེང་དུ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཡོངས་སུ་མཁའ་ཟོན་ཉེན་བརྡ་ཐེངས་གཉིས་བཏང་། ཨུ་རུ་སུའི་དམག་དཔུང་གིས་ཐོ་རེངས་སྐབས་སུ། ཨུ་རུ་སུའི་མངའ་ཁོངས་སུ་སྒྲ་མྱུར་ཚད་མཐོ་བའི་འཕུར་མདེལ་དང་། “དབྱི་སི་ཁན་ཏེར-M”འཐབ་རྩལ་འཕུར་མདེལ་སོགས་ཚུད་པའི་འཕུར་མདེལ14དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ17འཕངས་པ་དང་། ཝུའུ་ཁི་ལན་གྱི་མཁའ་ཟོན་མེ་ཤུགས་ཀྱིས་སྐོར་སྐྱོད་འཕུར་མདེལ7དང་མི་མེད་གནམ་གྲུ17ཚང་མ་བཀག་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།