སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་གསལ་བསྒྲགས་སྤེལ་ནས། སུའུ་ཏན་སྲིད་གཞུང་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་བརྩི་སྲུང་བྱེད་རྒྱུ་བསྐྱར་བསྒྲགས་བྱས།
གསལ་བསྒྲགས་ལས་བཤད་རྒྱུར། འདི་ནི་མཉམ་འབྲེལ་ལྷན་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས13ཉིན་གྲོས་འཆམ་བྱུང་བའི་འབྲེལ་ཡོད་གྲོས་ཆོད་ལ་ཕྱིར་ལན་སྤྲད་པ་ཞིག་ཡིན་ཟེར། སུའུ་ཏན་དྲག་ཆས་རུ་དཔུང་གིས་རྒྱལ་ཁབ་དང་མི་དམངས་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་དུས་མཉམ་དུ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དམག་འཐབ་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་ཀྱིན་ཡོད། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ལ་སྟབས་བདེ་འདོན་སྤྲོད་བྱེད་པ་ཁས་ལེན་བྱས་པ་ཡིན། སུའུ་ཏན་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དགོས་མཁོ་ཅན་གྱི་མིའི་ལག་ཏུ་འབྱོར་བར་འགན་ལེན་བྱ་རྒྱུ་ཡིན་ཟེར། གསལ་བསྒྲགས་ལས་ད་དུང་སུའུ་ཏན་ནང་ཁུལ་དུ་བྲེལ་འཚུབ་ཆེ་བའི་ལྟོགས་སྡུག་གནད་དོན་བྱུང་མེད་ཟེར།
ཚེས13ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་སྟེ། སུའུ་ཏན་གྱི་བྲེལ་མྱུར་རོགས་འདེགས་དམག་དཔུང་གིས་ཏ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་སྲིད་གཞུང་ཐོག་མ་ཧྥ་ཞི་ཨར་གྲོང་ཁྱེར་གྱི་མཐའ་ནས་སྐོར་མཚམས་མྱུར་དུ་འཇོག་དགོས་པའི་བླང་བྱ་བཏོན་པར་མ་ཟད། སུའུ་ཏན་བྲེལ་མྱུར་རོགས་འདེགས་དམག་དཔུང་དང་སུའུ་ཏན་དྲག་ཆས་རུ་དཔུང་གིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་ཁས་ལེན་དགོས་པའི་བླང་བྱ་བཏོན་པ་རེད།
ད་ལོའི་ཟླ5ཚེས10ཚུན་དུ། སུའུ་ཏན་དྲག་ཆས་རུ་དཔུང་གིས་ས་གནས་དྲག་ཆས་དང་སུའུ་ཏན་བྲེལ་མྱུར་རོགས་འདེགས་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ་ཏ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་མཐའ་ནས་སྐོར་ནས་ཚོད་འཛིན་དབང་ཆའི་རྩོད་གླེང་བྱུང་བས། མི་སེར་དཀྱུས་མ་མང་པོར་ཤི་རྨས་ཐེབས་པ་དང་། མི་སྟོང་ཕྲག་ཁ་ཤས་ཧྥ་ཞི་ཨར་ལ་བྲོས་བྱོལ་བྱས། མིག་སྔར་སུའུ་ཏན་བྲེལ་མྱུར་རོགས་འདེགས་དམག་དཔུང་གིས་ནུབ་རྒྱུད་ཀྱི་ཏ་ཨར་ཧྥུའུ་ཨར་ས་ཁུལ་ལས་གཞན། ཏ་ཨར་ཧྥུའུ་ཨར་མངའ་སྡེའི་བྱང་མ་དང་མངའ་སྡེ་གཞན་པ་བཞི་ཚོད་འཛིན་བྱས་ཡོད།
2023ལོའི་ཟླ4ཚེས15ཉིན། སུའུ་ཏན་དྲག་ཆས་རུ་དཔུང་དང་སུའུ་ཏན་བྲེལ་མྱུར་རོགས་འདེགས་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་རུ་དྲག་ཆས་འགལ་བ་བསླངས་པ་དང་། དམག་འཁྲུག་བསྟུད་མར་ས་ཁུལ་གཞན་པར་མཆེད་པ་རེད། ལོ་གཅིག་ལྷག་ལ་རྒྱུན་སྲིང་པའི་དྲག་ཆས་འགལ་བ་ལས་སུའུ་ཏན་གྱི་མི་ཁྲི་གཅིག་དང་ལྔ་སྟོང་ལྔ་བརྒྱ་ཙམ་གྱི་སྲོག་ཤོར་བ་དང་། མི་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བརྒྱད་ལྷག་འགྲོ་སའི་གནས་མེད་པར་གྱུར་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།