ཨེ་ཀྭ་ཏོར་དབུས་ཕྱོགས་ས་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།
2024.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨེ་ཀྭ་ཏོར་རྒྱལ་ཁབ་ཉེན་ཁའི་དོ་དམ་དྲུང་ཡིག་ཁྲུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཀུའུ་ལཱ་ཝ་ཞིང་ཆེན་གྱི་པཱ་ནེ་ཨོ་སི་ཏི་ཧྲིན་ཨ་ཀྭ་གྲོང་ཁྱེར་དུ་ཆར་བ་དྲག་པོ་བབས་པ་ལས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཡོད།

ཨེ་ཀྭ་ཏོར་གྱི་འགྲིམ་འགྲུལ་དང་སྤྱི་བའི་བཟོ་སྐྲུན་པུའུ་ཀྲང་ལོ་པའོ་ཐའོ་ལུའུ་ཁི་ཡིས་སྤྱི་སྟེགས་བརྒྱུད་དེ་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། སྡེ་ཁག་སོ་སོས་རྒུད་སྐྱོབ་སྒྲིག་ཆས་མང་བོར་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་ཀྱི་ཉེན་ཁའི་དོ་དམ་དྲུང་ཡིག་ཁྲུའུ་དང་མཉམ་དུ་གནོད་འཚེའི་གནས་ཚུལ་ལ་བསྟུད་མར་དོ་སྣང་བྱེད་རྒྱུ་ཡིན་ཟེར།

ཚེས་བཅོ་ལྔ་ཉིན་གྱི་དགོང་མོ་ནས་ཚེས་བཅུ་དྲུག་ཉིན་བར། ཨེ་ཀྭ་ཏོར་ལ་ཆར་བ་དྲག་པོ་བབས་ནས། རྒྱལ་ཁབ་དེའི་ཐུང་ཀུའུ་ལཱ་ཝ་ཞིང་ཆེན་དང་ཆན་པའོ་ལཱ་སོ་ཞིང་ཆེན། ཨ་སུའུ་ཨེ་ཞིང་ཆེན། མའོ་ལོ་ནཱ་ཧྲིན་ཏིས་ཡཱ་ཀི་ཞིང་ཆེན། དེ་མིན་ཕཱ་སི་ཐཱ་སཱ་ཞིང་ཆེན་སོགས་ཀྱི་གྲོང་ཁྱེར་དང་གཞུང་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་དང་། ཆུ་ལོག་དང་ལམ་བཀག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།