ཕེ་རུའི་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚད་རིམ6.3གྱི་ས་ཡོམ་བྱུང་།
2024.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཕེ་རུའི་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚེས16ཉིན་ཚད་རིམ6.3གྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཕེ་རུའི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ47སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཕེ་རུའི་ལྷོ་ཕྱོགས་ཀྱི་ཨ་ལོས་ཅི་ཕཱ་ཞིང་ཆེན་གྱི་ཁྲ་ལཱ་ས་ཁུལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ41གི་མཚམས་སུ་ཡོད་པའི་མཚོ་ངོས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་ཧ་ལམ་སྤྱི་ལེ25ཙམ་ཡོད།

ཕེ་རུའི་ཨན་ཏིས་སི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལོས་ཅི་ཕཱ་ཞིང་ཆེན་དང་ཉེ་འཁོར་ས་ཁུལ་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་། ཕེ་རུའི་དམངས་སྲུང་སྡེ་ཁག་གིས་སྡོད་དམངས་དག་གི་སེམས་བདེ་ལ་འབབ་དགོས་པ་དང་། རང་ཁྱིམ་དུ་མྱུར་མཁོའི་དངོས་པོ་གྲ་སྒྲིག་བྱེད་དགོས་པར་མ་ཟད། བྲེལ་མྱུར་ཆེ་བའི་གནས་ཚུལ་འོག་གི་བདེ་འཇགས་རྒྱུ་ལམ་ངོས་འཛིན་བྱས་ཏེ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཕེ་རུའི་མཚོ་དམག་གིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་པའི་ཚུལ་བསྟན།

ཕེ་རུ་ནི་ཞི་བདེ་རྒྱ་མཚོས་བསྐོར་བའི་ས་ཡོམ་ས་ཁུལ་དུ་གནས་པ་དང་། ས་ཡོམ་མང་དུ་འབྱུང་བའི་རྒྱལ་ཁབ་ཅིག་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།