དབྱི་ཐཱ་ལེའི་ལྷོ་ཕྱོགས་ས་ཁུལ་ནས་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་གཉིས་ལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་རེ་དྲུག་གར་སོང་རྙེད་མེད།
2024.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚེས་བཅུ་བདུན་ཉིན་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་གཉིས་ལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་དྲུག་གར་སོང་རྙེད་མེད་ཟེར།

དབྱི་ཐཱ་ལེའི་ཨན་ཧྲ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེ་ནས་ཡོང་བའི་གྲུ་གཟིངས་ཤིག་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ཁཱ་ལཱ་པུའུ་ལི་ཡཱ་མཚོ་འགྲམ་དང་བར་ཐག་སྤྱི་ལེ160ཙམ་ཡོད་པའི་མཚོ་ཁོངས་ནས་ལོག་པ་དང་། ཚོང་དོན་གྲུ་གཟིངས་ཤིག་གིས་རྒུད་སྐྱོབ་བྱས་ཏེ། མི་བཅུ་གཉིས་བསྐྱབས་ཀྱང་། དེའི་ནང་བུད་མེད་ཅིག་མཚོ་འགྲམ་དུ་བུད་ནས་ཅང་མ་འགོར་བར་རྨས་སྐྱོན་ཚབས་ཆེ་བའི་དབང་གིས་རྐྱེན་ལམ་དུ་ཤོར། མིག་སྔར་དོན་རྐྱེན་དེའི་ཁྲོད་མི་རེ་དྲུག་གར་སོང་རྙེད་མེད་པ་དང་། དེའི་ནང་ཉུང་མཐར་ཡང་བྱིས་པ་ཉེར་དྲུག་ཡོད་ཟེར།

བསྒྲགས་པ་ལྟར་ན། གྲུ་གཟིངས་སྟེང་གི་མི་སྣ་དག་དབྱི་རག་དང་སི་རི་ཡཱ། དབྱི་ལིང་། ཨ་ཧྥུའུ་ཧན་བཅས་ནས་ཡོང་བ་རེད། གྲུ་གཟིངས་དོན་རྐྱེན་བྱུང་སའི་མཚོ་ཁོངས་ཉེ་འདབས་སུ་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། གར་སོང་མ་རྙེད་པའི་མི་ཚང་མ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཡང་བསྒྲགས་ཡོད།

གཞན་ཡང་དབྱི་ཐཱ་ལེའི་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་གྱི་རྒུད་སྐྱོབ་གྲུ་གཟིངས་རྩ་འཛུགས་ཀྱིས་ཉིན་དེར་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་གླིང་ཕྲན་ལན་ཕའེ་ཏུའུ་སཱ་དང་བར་ཐག་སྤྱི་ལེ་བདུན་ཅུ་ཡོད་པའི་མཚོ་ཁོངས་ནས་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ལས་མི་ང་གཅི་བསྐྱབས་པ་དང་། གྲུ་གཟིངས་དེའི་ཞབས་རིམ་ཆུས་བསྣུབས་ཡོད་ལ། རྒུད་སྐྱོབ་མི་སྣས་དེ་ལས་འདས་པོའི་བེམ་པོ་བཅུ་རྙེད་ཡོད་ཟེར།

བསྒྲགས་པ་ལྟར་ན། སྟབས་ལེགས་ནས་འཚོ་ཐུབ་པ་བྱུང་བའི་མི་དེ་དག་བྷང་ག་ལཱ་དང་ཕཱ་ཁི་སི་ཐན། ཨེ་ཅིབ། སི་རི་ཡཱ་བཅས་ནས་ཡོང་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།