དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནས་བཅུ་ཆའི་དྲུག་བདུན་ཙམ་གྱི་ས་ཁུལ་དུ་འཐབ་འཁྲུག་ཚོད་འཛིན་མངོན་འགྱུར་བྱུང་ཡོད་པ་དང་། ས་ཁུལ་དེའི་འཐབ་འཁྲུག་ཡོངས་འགྲུབ་བྱེད་པར་ད་རུང་གཟའ་འཁོར་འགའི་དུས་ཚོད་མཁོ་བ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་ཁྲི་ཤོག་གཅིག་དྲུག་གཉིས་ཀྱིས་ལཱ་ཧྥ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་ནས་ཉིན40འགོར་ཡོད་པ་དང་། ཧྥེ་ཁྲིན་བར་ཁྱམས་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད་ལ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་ལྔ་བརྒྱ་དང་ལྔ་བཅུ་བསད་པ་དང་། ཨེ་ཅིབ་ཏུ་འགྲོ་སའི་ས་འོག་ཕུག་ལམ་ཉེར་ལྔ་རྙེད་ཡོད་ཟེར། དེའི་སྐབས་སུ་དབྱི་སི་རལ་གྱི་དམག་དཔུང་གི་ཁྲི་ཤོག་གཅིག་དྲུག་གཉིས་པའི་དམག་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་ལཱ་ཧྥ་སྟོང་ཤོག་གི་སྒར་ཤོག་བཞིའི་ཁྲོད། སྒར་ཤོག་གཉིས་དབྱི་སི་རལ་གྱི་དམག་དཔུང་གིས་ཚར་གཅོད་བྱས་ཡོད། འདས་པའི་གཟའ་འཁོར་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ས་ཁུལ་དུ་གཅིག་བསྡུས་འགུལ་སྐྱོད་སྤེལ་བ་དང་། ས་ཁུལ་དེའི་འཐབ་འཁྲུག་ཡོངས་འགྲུབ་བྱེད་པར་ད་རུང་གཟའ་འཁོར་འགའི་དུས་ཚོད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།