འཛམ་གླིང་ཡོངས་ཀྱི་ན་གཞོན་བྱིས་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་སློབ་ཤོར་བྱུང་བའི་ད་ལྟའི་གནས་ཚུལ་ལ་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས17ཉིན་སྙན་ཞུ་སྤེལ་ཏེ། སློབ་ཤོར་དང་སློབ་གསོའི་གནས་བབ་ཞན་པ་ལས་འཛམ་གླིང་ཧྲིལ་བོར་དཔལ་འབྱོར་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མྱུར་མོར་ཐག་གཅོད་བྱེད་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།
མིང་ལ་ནུས་མེད་ཀྱི་རིན་དོད་དེ་བྱིས་པ་དང་ན་གཞོན་གྱི་སློབ་ཤོར་ལས་བཟོས་པའི་མི་སྒེར་དང་ནོར་སྲིད། སྤྱི་ཚོགས་བཅས་ཀྱི་གྱོང་གུད་ཅེས་པའི་སྙན་ཞུ་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། 2030ལོའི་སྔོན་ལ། སློབ་ཤོར་དང་སློབ་གསོའི་གནས་བབ་ཞན་པའི་གནད་དོན་ལས་བཟོས་པའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱོང་གུད་དེ་ཚོད་དཔག་བྱས་ན་ལོ་རེར་མེ་སྒོར་ཁྲག་ཁྲིག་གཅིག་ལ་བསླེབས་སྲིད་ཟེར།
སྙན་ཞུ་ལས་ཚོད་དཔག་བྱས་དོན། སྔ་མོ་ནས་སློབ་བྱོལ་བྱས་པ་དང་ཡང་ན་གཞི་རྩའི་རྩལ་ནུས་མེད་པའི་ན་གཞོན་གྱི་བསྡུར་ཚད་བརྒྱ་ཆའི་བཅུ་ཇེ་ཉུང་དུ་སོང་ན། རྒྱལ་ཁབ་ཅིག་གི་ལོ་རེའི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གཅིག་ནས་གཉིས་ཇེ་མཐོར་འགྲོ་སྲིད་ཟེར།
སྙན་ཞུ་ལས་ད་རུང་བསྟན་དོན། བུ་མོ་ལོ་ཆུང་སྔར་ལས་མང་བོས་སློབ་འབྲིང་གི་སློབ་གསོ་མྱངས་ན། བུ་མོ་དེ་ལོ18སྔོན་ལ་གཉེན་སྒྲིག་བྱེད་པའི་ཉེན་ཁ་ཇེ་དམའ་རུ་གཏོང་བར་ཕན་ཐོགས་ཡོད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། བུ་མོའི་གཞི་རྩའི་རྩལ་ནུས་ཀྱི་སློབ་སྦྱོང་མ་འདང་བ་ནི་སྔ་མོ་ནས་མངལ་སྦྲུམ་ཚད་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་ཅིག་རེད་ཟེར།
ཨ་ཙུའུ་ལའེ་ཡིས་བསྟན་དོན། སྙན་ཞུ་དེ་ལས་བརྒྱུད་བསྒྲགས་བྱེད་པའི་གནས་ཚུལ་ཧ་ཅང་མངོན་གསལ་ཡིན་པ་དང་། སློབ་གསོ་ནི་འཐབ་ཇུས་རང་བཞིན་ལྡན་པའི་དངུལ་གཏོང་ཞིག་ཡིན་ལ། མི་སྒེར་དང་དཔལ་འབྱོར། སྤྱི་ཚོགས་ཧྲིལ་བོར་མཚོན་ན་ཆེས་བཟང་བའི་དངུལ་གཏོང་ཞིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།