ཁི་ལི་མུའུ་ལིན་ཕོ་བྲང་གི་གསར་འགྱུར་ཅུའུ་ཡིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་རེད་ཟེར།
བསྒྲགས་པ་ལྟར་ན། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཨུ་ཡོན་ཅིན་ཀྲིན་ཨིན་གྱིས་གདན་དྲངས་པ་ལྟར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིན་གྱིས2024ལོའི་ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་རེད་ཟེར།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཀྱང་ཚེས17ཉིན་ཕུའུ་ཅིན་གྱིས་ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པའི་གནས་ཚུལ་བསྒྲགས་ཡོད།
2023ལོའི་ཟླ9བར། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིར་འཚམས་འདྲི་བྱས། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་ཤར་ཕྱོགས་མཁའ་འགྲུལ་གཏོང་འཕེན་ར་བ་ནས་ཕུའུ་ཅིན་དང་མཉམ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་དང་མཉམ་ལས་ལས་གཞི་མང་བོར་གྲོས་བསྡུར་བྱས་ཏེ་གྲོས་མཐུན་དང་ཐུན་མོང་གི་ལྟ་ཚུལ་བཀོད། དེའི་སྐབས་སུ་ཅིན་ཀྲིན་ཨིན་གྱིས་ཕུའུ་ཅིན་གྱིས་ཁྲའོ་ཞན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། ཕུའུ་ཅིན་གྱིས་གདན་ཞུ་དང་ལེན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།