ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཕེན་རང་དུ་འབྱོར་ནས། ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཕེན་རང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཕུའུ་ཅིན་འཚམས་འདྲིར་ཡོང་བར་བསུ་བ་བྱས་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉིན270འགོར་བའི་རྗེས་སུ་ཕེན་རང་ནས་ཡང་བསྐྱར་ཕུའུ་ཅིན་དང་འཕྲད་པར་དགའ་སྤྲོ་སྐྱེས་ཡོད་པའི་ཚུལ་བསྟན་པ་དང་། ཕུའུ་ཅིན་གྱིས་ཅིན་ཀྲིན་ཨིན་དངོས་སུ་གནམ་གྲུ་ཐང་དུ་བསུ་མར་ཡོང་བར་བཀའ་དྲིན་ཞུས། ཁོ་གཉིས་དེའི་རྗེས་སུ་ཅིན་ཞིག་རི་བོའི་མགྲོན་བསུ་ཁང་དུ་ཡོང་ནས་གླེང་མོལ་བྱས་པ་རེད།
2023ལོའི་ཟླ9བར། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིར་འཚམས་འདྲི་བྱས། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་ཤར་ཕྱོགས་མཁའ་འགྲུལ་གཏོང་འཕེན་ར་བ་ནས་ཕུའུ་ཅིན་དང་མཉམ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་དང་མཉམ་ལས་ཀྱི་ནང་དོན་མང་བོར་གྲོས་བསྡུར་བྱས་པར་མ་ཟད་གྲོས་མཐུན་དང་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད། དེའི་སྐབས་སུ་ཅིན་ཀྲིན་ཨིན་གྱིས་ཕུའུ་ཅིན་གྱིས་ཁྲའོ་ཞན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། ཕུའུ་ཅིན་གྱིས་གདན་ཞུ་དང་ལེན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།