ཐཱ་སི་གསར་འགྱུར་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གིས་ཟླ6པའི་ཚེས18ཉིན་ནས་ཚེས28ཉིན་བར་ཞི་བདེ་རྒྱ་མཚོ་དང་འཇར་པན་མཚོ། ཨིག་ཧའོ་ཚི་ཁི་མཚོ་བཅས་ཀྱི་མཚོ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་རེད་ཟེར།
ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་གསར་འགྱུར་ཁྲུའུ་ཡིས་བསྒྲགས་པ་ལྟར་ན། གྲུ་གཟིངས་རུ་ཁག་དེས་དམག་དོན་སྦྱོང་བརྡར་བྱེད་སའི་ངེས་གཏན་གྱི་མཚོ་ཁོངས་སུ་དམག་མི་བཀོད་སྒྲིག་ཡོད་པ་དང་། ཧ་ལམ་དམག་གྲུ་བཞི་བཅུ་དང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ཉི་ཤུ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། མཚོ་དམག་སྐམ་འཐབ་རུ་ཁག་དང་མཚོ་འགྲམ་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་མི་སྣའང་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ལ། ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་དམག་སྤྱི་ལེ་ནཱ་ཡིས་དམག་དོན་སྦྱོང་བརྡར་ལ་བཀོད་འདོམ་བྱེད་པའི་འགན་ཁུར་ཡོད་ཟེར།
འཆར་གཞི་ལྟར་ན། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་དང་། མཚོ་ཐོག་འགོག་སྲུང་། མི་བསྡད་མེད་པའི་གནམ་གྲུ་དང་མི་བསྡད་མེད་པའི་གྲུ་གཟིངས་ལ་ཆམ་ཕབ་གཏོང་བ་སོགས་རྣམ་གྲངས་ལ་དངོས་འཐབ་སྦྱོང་བརྡར་བྱེད་རྒྱུ་ཡིན་ལ། ལད་བཟོ་བྱས་པའི་དགྲ་བོའི་གྲུ་གཟིངས་ཚོགས་ལ་གཞི་རྒྱ་ཆེ་བའི་འཕུར་མདའི་ཆམ་ཕབ་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།