ཁོ་སི་ཐཱ་རེ་ཁཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
2024.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཁོ་སི་ཐཱ་རེ་ཁཱའི་རྒྱལ་ས་ཧྲིན་ཧི་སེ་ནས་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་བདུན་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཁོ་སི་ཐཱ་རེ་ཁཱའི་ཕྱི་འབྲེལ་བློན་ཆེན་ཨན་ཏི་ལེ་ཡིས་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཨན་ཏི་ལེ་སྣེ་ལེན་ཚོགས་འདུར་ཞུགས་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་བྱས། ཁོས་བཤད་རྒྱུར། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས། མི་གཞུང་བརྗེ་རེས་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད་ཅིང་། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོས་དཀའ་སྡུག་མཉམ་མྱོང་བྱས་པ་དང་ཐུན་མོང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མ་འོངས་པར་རྒྱང་བལྟ་བྱས་ན། ཁོ་སི་ཐཱ་རེ་ཁཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། བསྟུད་མར་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

གསར་དུ་འགན་ཁུར་བའི་ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞའོ་ཡའོ་ཡིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། འབྲེལ་བ་བཙུགས་པའི་ཚུན་ལ། ཁོ་སི་ཐཱ་རེ་ཁཱའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་མཉམ་གནས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་གཉིས་ཕན་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱའི་མཛའ་མཐུན་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱ་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་ཞིང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཁྱད་པར་ཡོད་ཀྱང་། ཐུན་མོང་གནད་མང་བོ་ཡོད་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེ་ལས་འཛམ་གླིང་གི་འཕེལ་རྒྱས་ཐད་གོ་སྐབས་སྔར་ལས་ཆེན་པོ་བསྐྲུན་ཐུབ་ངེས་ཡིན་ཟེར།

ཁོ་སི་ཐཱ་རེ་ཁཱའི་ཁྲིམས་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ལི་ཡཱ་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ནི་སྟོབས་ཤུགས་ཆེ་ཞིང་འཕར་སྣོན་ནུས་པ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཚོང་ར་ཆེན་པོ་ཡོད་པ་ཡིན། ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ལས་ཁོ་སི་ཐཱ་རེ་ཁཱར་གོ་སྐབས་ཆེན་པོ་ཐོབ་ཡོད་ལ། ང་ཚོས་རླབས་ཆེན་གྲུབ་འབྲས་བླངས་ཡོད་ཟེར།

ཁོ་སི་ཐཱ་རེ་ཁཱའི་ནོར་སྲིད་པུའུ་ཀྲང་དང་། ཁྲིམས་འཛིན་པུའུ་ཀྲང་། སྤྱི་བའི་བཟོ་སྐྲུན་དང་འགྲིམ་འགྲུལ་པུའུ་ཀྲང་། ཁོ་སི་ཐཱ་རེ་ཁཱའི་ཁྲིམས་འཛུགས་ཚོགས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧྲིན་ཧི་སེ་གྲོང་ཁྱེར་གྱི་ཧྲི་ཀྲང་སོགས་མཐོ་རིམ་དཔོན་པོ་དང་། རིགས་གཞུང་ལས་རིགས། ཚོང་དོན་ལས་རིགས། དེ་མིན་ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་ཁེ་ལས། རྒྱ་ཡིག་དགེ་རྒན། ཁོ་སི་ཐཱ་རེ་ཁཱ་རུ་སྡོད་པའི་ཀྲུང་གོ་བའི་འཐུས་མི་སོགས་མི་བཞི་བརྒྱ་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།