ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཨ་ཀིན་ཐིན་གྱིས་མར་ཝུའེ་ནཱ་སི་གླིང་ཚོམ་གྱི་བདག་དབང་ཐད་བཏོན་པའི་ལུགས་མཐུན་བླང་བྱར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་གཞིར་བཟུང་སྟེ། ཞི་བའི་གྲོས་མོལ་བརྒྱུད་ནས་རྒྱལ་ཁབ་བར་གྱི་མངའ་ཁོངས་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་ཡོད་པར་བསྟན།
ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སེར་སྤེལ་ཡུལ་མིན་པའི་དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་མར་ཝུའེ་ན་སི་གླིང་ཚོམ་གྱི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་བསྟན་དོན། མར་ཝུའེ་ནཱ་སི་གླིང་ཚོམ་གྱི་གནད་དོན་ནི་ངོ་བོའི་སྟེང་ནས་བཤད་ན་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཞིག་རེད། མི་སེར་སྤེལ་བའི་དུས་རབས་ནི་འདས་ཟིན་མོད། འོན་ཀྱང་མི་སེར་སྤེལ་བའི་རིང་ལུགས་ཀྱིས་བཟོས་པའི་གནད་དོན་མང་པོ་ཞིག་ད་དུང་ཐག་གཅོད་བྱེད་ཐུབ་མེད། དུས་རབས21པའི་དེང་གི་དུས་འདིར། མི་སེར་སྤེལ་བའི་རིང་ལུགས་ཀྱི་སེམས་ཁམས་བརྟན་སྲུང་དང་། མི་སེར་སྤེལ་བའི་རིང་ལུགས་ཀྱི་བསམ་གཞིགས་རྒྱུན་མཐུད་བྱས་ཏེ། བཙན་དབང་དང་བཙན་ཤེད་སོགས་ལ་བརྟེན་ནས་རང་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཞན་གྱི་ལས་དབང་ལ་ཁ་ལོ་སྒྱུར་འདོད་པ་ནི་རླབས་རྒྱུན་དང་ལྡོག་པའི་འགུལ་སྐྱོད་ཅིག་ཡིན་པས་འཆི་ལམ་ཁོ་ན་ལས་གཞན་མེད།
ཀིན་ཧྲོང་གིས་བཤད་རྒྱུར། མར་ཝུའེ་ནཱ་སི་གླིང་ཚོམ་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ནི་སྔ་ཕྱི་བར་གསུམ་དུ་གཅིག་མཚུངས་དང་གསལ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིས་ཨ་ཀིན་ཐིན་གྱི་རེ་བར་ལན་བྱིན་ཏེ། ཨ་ཀིན་ཐིན་ཕྱོགས་དང་མྱུར་དུ་གྲོས་མོལ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ་ཞི་བདེ་དང་དྲང་གཞག ཡུན་རིང་བཅས་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།