ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་རྒྱལ་ཁབ་སོ་སོས་འགན་འཁུར་བའི་མཚོན་ཆ་ཕྱིར་གཏོང་གི་སྲིད་ཇུས་སྤྱད་དེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་བྱ་སྤྱོད་སྤེལ་མཁན་མིན་པའི་ཁོངས་སུ་མཚོན་ཆ་བཤུག་སྤྲོད་མི་གཏོང་བ་དང་གདོང་ཐུག་ས་ཁུལ་དུ་མཚོན་ཆ་ཕྱིར་གཏོང་བྱེད་པར་གཟབ་ནན་བྱས་ཏེ། ཁྲིམས་འགལ་གྱི་རྒྱུ་ལམ་ནས་མཚོན་ཆ་ཕྱིར་གཏོང་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་ཆ་ཆུང་བའི《བྱ་སྤྱོད་རྩ་འཛིན》གྱི་གྲོས་ཞིབ་ཚོགས་ཆེན་ཐེངས་བཞི་པའི་སྤྱིར་བཏང་གི་དཔྱད་གླེང་ཁྲོད་བཤད་རྒྱུར། མཚོན་ཆ་ཆུང་བའི་ཁྲིམས་འགལ་ཉོ་འཚོང་གི་གནད་དོན་དེ་ཞི་བདེ་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པས་རྒྱུན་གཏན་གྱི་དམག་དོན་ཚོད་འཛིན་ཁྱབ་ཁོངས་ཀྱི་གྲོས་གཞི་གལ་ཆེན་གྱི་གྲས་ཤིག་རེད། གནད་དོན་འདི་ཐག་གཅོད་འོས་འཚམ་བྱ་རྒྱུ་ནི་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ལོ་མང་པོའི་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོན་ཆ་ཆུང་གྲས་ཁྲིམས་འགལ་ངང་ཉོ་འཚོང་བྱེད་པར་རྡུང་རྡེག་གཏོང་བར་འབད་བརྩོན་ལྷོད་མེད་བྱས་ནས། མཚོན་ཆ་ཆུང་གྲས་ཀྱི《བྱ་སྤྱོད་རྩ་འཛིན》དང《དབྱེ་འབྱེད་དང་རྩད་གཅོད་ཡིག་ཆ》དོན་འཁྱོལ་བྱེད་པའི་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་བདེ་འཇགས་དུས་བབ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་མཉམ་དུ་མཚོན་ཆ་ཆུང་གྲས་ཁྲིམས་འགལ་ངང་ཉོ་འཚོང་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་འགྲན་སློང་གསར་པར་འཕྲད་ཡོད།
ཀིན་ཧྲོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་ཏན་ཏིག་སྤྱད་དེ་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས། གདོང་ཐུག་ཟང་ཟིང་གི་འབྱུང་རྩ་སེལ་དགོས་པའི་འབོད་སྐུལ་བཏང་། ཁོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས་རྩོད་གཞི་ཐག་གཅོད་བྱས་ཏེ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་བདེ་འཇགས་འཇིགས་སྐུལ་ལ་མཉམ་དུ་ཁ་གཏད་བཅག་ནས་གདོང་ཐུག་གི་འབྱུང་ཁུངས་གསར་པ་མི་ཐོན་པ་བྱེད་དགོས། རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོན་ཆ་ཆུང་གྲས་རང་གི་མངའ་ཁོངས་སུ་ཁྲིམས་འགལ་ངང་འཁོར་རྒྱུག་བྱེད་པ་གཏན་འགོག་བྱ་དགོས་ཟེར།
ཀིན་ཧྲོང་གིས་ལག་རྩལ་གསར་པའི་འགྲན་སློང་དོ་མཉམ་ངང་ཐག་གཅོད་བྱེད་དགོས། འདུས་སྦྱོར་རྒྱུ་ཆ་དང3Dཔར་འདེབས་སོགས་ལག་རྩལ་གསར་པ་འཕེལ་རྒྱས་ཕྱིན་པ་དེས་མཚོན་ཆ་ཐོན་སྐྱེད་ཀྱི་ཚད་གཞི་དམའ་རུ་ཕྱིན་ནས་ཁྱབ་འགྱེད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། མིས་བཟོས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་ལག་རྩལ་གསར་པ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱས་པ་དེས་མཚོན་ཆ་ཆུང་གྲས་དོ་དམ་ཚོད་འཛིན་བྱེད་པར་བྱ་ཐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད། ཕྱོགས་སོ་སོས་ལོ་འཁོར་གཉིས་ཀྱི་ཚོགས་འདུའི་སྒྲོམ་གཞིའི་འོག ལག་རྩལ་གསར་པའི་དགེ་སྐྱོན་ཐོབ་ཤོར་ལ་དཔྱད་དཔོག་གང་ལེགས་བྱས་ནས་མཚོན་ཆ་ཆུང་གྲས་བཅོས་སྐྱོང་བྱེད་པའི་ལག་ཆའི་སྒམ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པར་བསྟན།
ཀིན་ཧྲོང་གིས་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས《བྱ་སྤྱོད་རྩ་འཛིན》དང《གོ་མཚོན་ཉོ་ཚོང་ཆིངས་ཡིག》《མེ་མདའི་ཆོད་ཡིག》སོགས་ལམ་སྲོལ་གྱི་ཡོངས་ཁྱབ་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དོ་བདག་རྒྱལ་ཁབ་ཀྱི་འདོད་བློ་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཉམས་མྱོང་བརྗེ་རེས་དང་། ཆ་འཕྲིན་མཉམ་སྤྱོད། ཁྲིམས་འཛིན་མཉམ་ལས་བཅས་རྒྱ་ཁྱབ་ངང་སྤེལ་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནུས་པ་འཛུགས་སྐྱོང་དང་མ་དངུལ་ཞལ་འདེབས་ཕུལ་བ། ལག་རྩལ་བཤུག་སྤྲོད། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཀིན་ཧྲོང་གིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་མཚོན་ཆ་ཆུང་གྲས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། མཚོན་ཆ་ཆུང་གྲས་ལ་ཐོག་མཐའ་བར་གསུམ་དུ་དོ་དམ་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ཀྱི་འགན་ལེན་སྲ་བརྟན་དུ་གཏོང་བ། འགག་སྒོ་དང་། ཉེས་དོན་མྱུལ་ཞིབ། བདེ་འཇགས་སོགས་སྡེ་ཚན་གྱི་མཐུན་སྦྱོར་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཚོན་ཆ་ཕྱིར་གཏོང་བྱེད་པར་གཟབ་ནན་དང་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་ལག་བསྟར་ནན་མོ་བྱས་ཏེ་ཕྱིར་གཏོང་ཚོང་པའི་ཐོ་འགོད་དང་། རྒྱལ་ཁབ་ཀྱི་དམིགས་བསལ་ཆོག་མཆན་སྤྲད་པའི་དབང་ཆ། མཐའ་མའི་སྤྱོད་མཁན་དང་མཐའ་མའི་སྤྱོད་སྒོ་དཔང་ཡིག་དོ་དམ། ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་སོགས་མཚོན་ཆ་ཕྱིར་གཏོང་དོ་དམ་ལམ་ལུགས་རབ་དང་རིམ་པ་འཛུགས་པ་དང་འཐུས་ཚང་དུ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་སྤྱིའི་འོས་འགན་ནན་ཏན་གྱིས་བསྒྲུབས་པར་མ་ཟད། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་ཡིན།
ཀིན་ཧྲོང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས“ཞི་བདེའི་རྩ་འཛིན་གསར་པའི”ནང་མཚོན་ཆའི་ཐད་ནས་མིའི་རིགས་ལ་བཟོས་པའི་རིན་དོད་ཇེ་ཉུང་དུ་གཏོང་བར་འབོད་སྐུལ་བཏང་ཡོད། འདི་ནི་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་ཆད་མེད་པར་མཉམ་དུ་འབད་བརྩོན་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། དྲག་ཆས་ཀྱི་གཏུམ་སྤྱོད་དང་རྒྱང་དུ་གྱེས་པའི་འཛམ་གླིང་ཞིག་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།