ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་བྱེད་བྱེད་ཐབས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱས།
2024.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས19ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡའི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་བྱེད་ཐབས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།   ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་འདུམ་སྒྲིག་ཉམས་མྱོང་ཁྲོད་ནས།  ལི་པི་ཡར་ཕན་པ་ཐོབ་པར་ཡིད་ཆེས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་པར་འབོད་སྐུལ་བཏང་།

ཏའེ་པིན་གྱིས་བཤད་རྒྱུར།    གྲོས་མོལ་གྲོས་གླེང་ནི་ལི་པི་ཡའི་ཆབ་སྲིད་འཕེལ་མེད་སོར་གནས་ཀྱི་གནས་ཚུལ་ཐག་གཅོད་བྱེད་པའི་ཐབས་ལམ་འབའ་ཞིག་རེད། ཉེ་ལམ་ལི་པི་ཡའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་ཆེས་མཐོའི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས།  གཅིག་གྱུར་སྲིད་གཞུང་འཛུགས་པ་དང་འདེམས་བསྐོ་སོགས་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་འབྲེལ་ཡོད་ཕྱོགས་ཀྱིས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་རེས་སྐོར་གཉིས་པའི་ཆབ་སྲིད་གྲོས་མོལ་བྱ་རྒྱུ་ཡིན་པར་དོ་སྣང་བྱུང་། ལི་པི་ཡའི་ཕྱོགས་སོ་སོས་ཆབ་སྲིད་ཀྱི་སྟེང་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་དང་།  གྲོས་གླེང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་མཐུན་པའི་ཆ་ལྷག་མར་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་པ་བཅས་བྱས་ནས།   ཆབ་སྲིད་ཀྱི་འཕེལ་རིམ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད།

ཏའེ་པིན་གྱིས་བཤད་རྒྱུར།   མཉམ་འབྲེལ་རྒྱལ་ཚོགས་ནི་ལི་པི་ཡའི་གནད་དོན་འདུམ་སྒྲིག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ལི་པི་ཡའི་རོགས་སྐྱོར་ཆེད་མངགས་ཚོགས་པས“མིས་གཙོ་ཁྲིད་བྱེད་པ་དང་མིར་དབང་བའི་ཁེ་ཕན”གྱི་ཆབ་སྲིད་འཕེལ་རིམ་ལ་མུ་མཐུད་དུ་དགེ་མཚན་ལྡན་པའི་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་ནན་མོ་བྱེད་པ་དང་། ལི་པི་ཡའི་ཕྱོགས་སོ་སོའི་དོ་ཁུར་ལ་ལྟ་རྟོག་གང་ལེགས་བྱས་ནས་ཕྱི་ཕྱོགས་ཀྱི་ཐག་གཅོད་ཇུས་གཞི་ལ་བཙན་འགེལ་མི་བྱེད་པའི་འབོད་སྐུལ་བཏང་པ་ཡིན།

ཏའེ་པིན་གྱིས་བསྟན་དོན།   མི་རིགས་འདུམ་སྒྲིག་ནི་ཡིད་ཆེས་སླར་གསོ་དང་མེ་མདའི་སྒྲ་མེད་པར་གཏོང་བའི་གོ་རིམ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཡིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལི་པི་ཡའི་གནད་དོན་གྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ལི་པི་ཡའི་ཕྱོགས་སོ་སོ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས།  ལི་པི་ཡའི་རྒྱལ་ཡོངས་འདུམ་སྒྲིག་ཚོགས་ཆེན་མྱུར་དུ་ཚོགས་པར་སྐུལ་འདེད་བཏང་བར་བསྔགས་བརྗོད་བྱེད་བཞིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་ཕྱོགས་སོ་སོས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གཙོར་བཟུང་ནས་རྗེས་དཔག་བཟོད་སྒོམ་བྱས་ཏེ།  གཏུམ་སྤྱོད་དོན་རྐྱེན་མཐའ་དག་མི་འབྱུང་བའི་འབོད་སྐུལ་བཏང་པ་ཡིན།  “5+5”མཉམ་འབྲེལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ལི་པི་ཡའི་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། གཅིག་གྱུར་གྱི་དམག་དོན་དང་ཉེན་རྟོག་དཔུང་ཁག་འཛུགས་དགོས།

ཏའེ་པིན་གྱིས་བཤད་རྒྱུར།  དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུ་ནི།   ཡུན་རིང་ཞི་བདེ་བརྟན་འཇགས་ཡོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད།  ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཡོ་རོབ་རྒྱལ་ཁབ་ཀྱིས་གནས་སྤོས་ཡུལ་མིའི་ཚེ་སྲོག་དབང་ཆ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཏན་ཏིག་བྱེད་པ་དང་། དུས་མཚུངས་སུ་ལི་པི་ཡའི་གནས་སྤོས་ཡུལ་མིའི་དོ་དམ་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡ་དང་ཐུ་ནི་སི། ཨར་ཅི་རི་ཡ་བཅས་ཀྱིས་ཟླ4པར་ཚོགས་འདུ་བསྡུས་ནས་མཐའ་མཚམས་དོ་དམ་དང་། ཁྲིམས་འགལ་གནས་སྤོས་ཡུལ་མིའི་བར་རྡུང་རྡེག་གཏོང་བ། རང་མོས་ཚོང་དོན་ཁུལ་འཛུགས་པ་སོགས་ཁྱབ་ཁོངས་སུ་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པར་བསྔགས་བརྗོད་བྱེད་བཞིན་ཡོད།     ལི་པི་ཡས་འབད་བརྩོན་ཆེན་པོས་རྡོ་སྣུམ་གྱི་ཐོན་ཚད་ཇེ་མཐོར་གཏོང་བར་དགའ་བསུ་ཞུ་རྒྱུ་དང་། སྤྱི་པའི་ཞབས་ཞུ་འགན་སྲུང་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། ལི་པི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ཐེངས་མང་པོར་བསྡམས་བཅད་བྱས་པའི་ཕྱི་རྒྱལ་གྱི་རྒྱུ་ནོར་ལ་དོ་ཁུར་བྱེད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ལི་པི་ཡའི་ལུགས་མཐུན་རེ་ཞུ་དགེ་མཚན་ལྡན་པར་ཐག་གཅོད་བྱེད་དགོས།

 གཡང་འབུམ་རྒྱལ་གྱིས་བསྒྱུར།