ཁུ་ཝེ་ཐེ་རུ་དྲོད་ཚད་མཐོ་བའི་དབང་གིས་ས་ཆ་མང་པོར་གློག་ཆད།
2024.06.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཚེས19ཉིན་ཁུ་ཝེ་ཐེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉིན་དེར་ཁུ་ཝེ་ཐེ་ས་ཁུལ་མང་པོར་དྲོད་ཚད་མཐོ་བས་གློག་བཀོལ་ཚད་འཕར་བའི་ཤུགས་རྐྱེན་འོག  གློག་ཆད་པ་དང་གློག་ཆད་པའི་དུས་ཡུན་དུས་ཚོད2ནས5བར་འདྲ་མིན་སྣ་ཚོགས་ཡོད་པས་གྲོང་མིའི་འཚོ་བར་སྟབས་མི་བདེ་བ་བཟོས།

གནས་ཚུལ་སྤེལ་བའི་ནང་ཁུ་ཝེ་ཐེའི་གློག་ཤུགས་དང་ཆུ་བེད། ཡང་བསྐྱར་བེད་སྤྱོད་ཐུབ་པའི་ནུས་ཁུངས་པུའུ་ཡི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར།  གློག་བཀོལ་གྱི་དགོས་མཁོ་ཆེས་ཆེར་འཕར་བའི་དབང་གིས་ཁུ་ཝེ་ཐེའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དྲུག་གི་ས་ཁུལ་ཁག་ཅིག་ཏུ་གློག་ཆད་ཡོད་ཅེས་འཁོད་ཡོད་པ་རེད། མིག་སྔར་གློག་སྒོ་བརྒྱབ་ནས་གློག་ཚད་བཀག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གློག་ཤུགས་མ་ལག་བརྟན་པོ་ཡོང་བར་ཁག་ཐེག་བྱེད་ཀྱི་ཡོད། སྡེ་ཁག་དེས་གྲོང་མི་དང་ཁེ་ལས་ཀྱིས་ཉིན་རེའི་དུས་ཚོད11པ་ནས17པའི་བར་གློག་བཀོལ་ཚད་མཐོ་ཤོས་ཀྱི་དུས་མཚམས་སུ་གློག་གྲོན་ཆུང་བྱས་ནས་གློག་དྲའི་གནོན་ཤུགས་ཆུང་དུ་གཏོང་རྒྱུའི་འབོད་སྐུལ་གཏོང་བཞིན་ཡོད།

ཁུ་ཝེ་ཐི་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ། གློག་ཆད་པ་དེས་སྨན་བཅོས་ལས་ཁུངས་ལ་ཤུགས་རྐྱེན་བཟོས་མེད་ཅེས་བཤད་ཡོད། འཕྲོད་བསྟེན་པུའུ་ཡིས་ཐག་གཅོད་བྱེད་ཐབས་སྤྱད་དེ་སྨན་བཅོས་ཞབས་ཞུ་མཚམས་མི་འཇོག་པར་ཁག་ཐེག་བྱེད་ཀྱི་ཡོད།

ཚེས19ཉིན་ཁུ་ཝེ་ཐེའི་གནམ་གཤིས་ཅུའུ་ཡི་ཅུའུ་ཀྲང་ཨ་པུའུ་ཏུའུ་ལེ·ཨ་ཆི་ཚི·ཁ་ལ་ཝུའེ་ཡིས་ཉིན་དེར་ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ51ནས52བར་བསླེབས་པ་དང་། སྔོན་དཔག་བྱས་ན་དྲོད་ཚད་མཐོ་བའི་གནམ་གཤིས་དེ་ཉིན་ཤས་རིང་མུ་མཐུད་དུ་འབྱུང་རྒྱུ་རེད་ཟེར།

ཁུ་ཝེ་ཐེའི་གློག་ཁང་གི་གློག་འདོན་ཚད་ཀྱིས་རྒྱལ་ནང་གི་དགོས་མཁོ་སྐོང་མི་ཐུབ་པས་ལོ་རེ་བཞིན་མཐའ་འཁོར་རྒྱལ་ཁབ་དག་ནས་གློག་ཉོ་དགོས་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།