ཐཱ་སི་གསར་འགྱུར་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཉེ་སྔོན་ཕེན་རང་ནས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་ཟེར།
ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གྱིས་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་ཁྲའོ་ཞན་གྱིས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་དེ་རྒྱལ་ཁབ་གཉིས་ཀྱི་རོགས་ལས་དེ་ཆུ་ཚད་གསར་བར་མཐོར་འདེགས་བྱེད་པའི་ཐོལ་བརྒལ་རང་བཞིན་གྱི་ཡིག་ཅ་ཞིག་ཏུ་འགྱུར་སྲིད་པ་དང་། ཆིངས་ཡིག་ཁྲོད་དུ་ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གང་རུང་ལ་བཙན་འཛུལ་ཐེབས་ན། ཕྱོགས་གཞན་པས་དེར་རོགས་སྐྱོར་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད།
ཕུའུ་ཅིན་གྱིས་བསྟན་དོན། བདེ་འཇགས་གནད་དོན་དང་རྒྱལ་སྤྱིའི་གྲོས་རིམ་གྱིས་ཐེངས་འདིར་ཁོ་དང་ཅིན་ཀྲིན་ཨིན་གྱིས་གྲོས་མོལ་བྱེད་སྐབས་གོ་གནས་གལ་ཆེན་ཟིན་ཡོད་ལ། ཨུ་རུ་སི་ཡིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་གཞིར་བཟུང་ནས་ཁྲའོ་ཞན་གྱིས་དམག་དོན་ལག་རྩལ་འཕེལ་རྒྱས་སུ་གཏོང་བར་མཉམ་ལས་བྱེད་ཀྱང་སྲིད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཨུ་རུ་སི་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་བའི་རྨང་གཞིར་འགྱུར་སྲིད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཡོད་ཚད་ལ་འཚམ་པ་དང་། ངོ་རྒོལ་གྱི་ངོ་བོ་གང་ཡང་མེད་ལ། རྒྱལ་ཁབ་གང་རུང་ལ་དམིགས་པའང་མ་ཡིན་པར་དེའི་དམིགས་ཡུལ་ནི་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་སྔར་ལས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པའི་ཆེད་དུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།