ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས19ཉིན་བཤད་རྒྱུར། དམག་སྤྱི་ཁང་དེར་གཏོགས་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས16ཉིན་སི་རི་ཡཱའི་མངའ་ཁོངས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོ་ཞིག་བསད་ཡོད་ཟེར།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཉིན་དེར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་དཔོན་པོ་ཅཱ་ནཱ་པུས་ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ཅིག་གི་ཁྲོད་བསད་པ་ཡིན་ལ། ཁོ་བསད་པ་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཐོན་ཁུངས་ཐོབ་པ་དང་འཇིགས་སྐུལ་འཇབ་རྒོལ་སྤེལ་བའི་ནུས་པར་བར་ཆད་བཟོ་ཐུབ། ཐེངས་འདིའི་འགུལ་སྐྱོད་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པའི་སྣང་ཚུལ་ཅི་ཡང་མེད་ཟེར།
སི་རི་ཡཱའི་དཔོན་ཕྱོགས་ཀྱིས་དོན་རྐྱེན་དེའི་ཐད་ནས་ལན་ཅི་ཡང་བྱིན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།