ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཚེས19ཉིན་བསྟན་དོན། ཀྲིན་ཀྲུའུ་ཏང་དབྱི་སི་རལ་གྱི་འཇིགས་ཉེན་ལ་མི་སྐྲག་པ་དང་། དཀའ་ཁག་ལ་གདོང་གཏོད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ནཱ་སི་ལུའུ་ལཱ་ཡིས་ཉིན་དེར་ཀྲིན་ཀྲུའུ་ཏང་གི་བཀོད་འདོམ་དཔོན་པོ་ཐཱ་ལེ་པུའུ་ཨ་པུའུ་ཏུའུ་ལཱ་ལ་མྱ་ངན་ཞུ་བའི་བྱ་འགུལ་སྟེང་བརྙན་རིས་གཏམ་བཤད་སྤེལ་ཏེ། གལ་ཏེ་དབྱི་སི་རལ་བར་འཐབ་འཁྲུག་བྱས་ན། ཀྲིན་ཀྲུའུ་ཏང་གིས་ཚད་བཀག་མེད་པའི་སྒོ་ནས་འཐབ་འཁྲུག་བྱེད་རྒྱུ་ཡིན། ཀྲིན་ཀྲུའུ་ཏང་གི་འཕུར་མདའ་དང་མེ་ཤུགས་འཕུར་མདས་དབྱི་སི་རལ་ཕྱོགས་ལ་གྱོང་གུད་ཆེན་པོ་བཟོ་ཐུབ་ཟེར།
དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་བབ་ཉེ་སྔོན་བསྟུད་མར་ཛ་དྲག་ཏུ་སོང་། ཟླ་འདིའི་ཚེས6ཉིན། དབྱི་སི་རལ་བྱང་ཕྱོགས་དམག་སྤྱི་ཁང་གིས་ཀྲིན་ཀྲུའུ་ཏང་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱེད་པར་བཀོད་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཚེས11ཉིན་ཐཱ་ལེ་པུའུ་ཨ་པུའུ་ཏུའུ་ལཱ་ཡིས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཞི་རྒྱ་ཆེ་བའི་སྒོ་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས18ཉིན་བཤད་རྒྱུར། ལེ་པཱ་ནུན་ལ་དཔུང་འཇུག་བྱེད་པའི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་ཐོབ་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་དམག་ཕྱོགས་ཀྱིས་འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས19ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཀྲིན་ཀྲུའུ་ཏང་གི་ཁོངས་མི་གསུམ་བསད་པ་དང་། མི་སེར་དཀྱུས་མ་བཞིར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།