ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས19ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཧྥའི་ཤར་ངོས་སུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།
འབྲེལ་ཡོད་མི་སྣས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་འདས་པོ་དག་ནི་ཚོང་དོན་དངོས་སྐྱེལ་རླངས་འཁོར་གྱི་བདེ་སྲུང་མི་སྣ་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་ཁོ་ཚོས་དངོས་སྐྱེལ་རླངས་འཁོར་ཡོང་བར་སྒུག་ཡོད་པ་རེད། ཉེ་བའི་དུས་སྐབས་ནང་། དབྱི་སི་རལ་ཕྱོགས་ཀྱིས་སྔོན་ནས་གྲོས་མོལ་བྱས་པ་བརྒྱུད་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཡོང་བའི་ཚོང་དོན་དངོས་སྐྱེལ་རླངས་འཁོར་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འགྲོ་རུ་བཅུག་ནས། སྒེར་གཉེར་ཚོང་བའི་དགོས་མཁོ་བསྐང་བར་ཆོག་མཆན་བཀོད་ཡོད།
དེ་ནི་ཉེ་སྔོན་བྱུང་བའི་རིགས་མཐུན་གྱི་དོན་རྐྱེན་གཉིས་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས17་གྱི་དགོང་མོར་ལཱ་ཧྥ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཚོང་བཀོལ་དངོས་རྫས་སྲུང་སྐྱེལ་བྱེད་པའི་བདེ་སྲུང་མི་སྣ་དགུ་བསད་པ་རེད།
ལཱ་ཧྥ་ནི་ཅཱ་ཧྲ་ས་ཁུལ་གྱི་ཆེས་ལྷོ་ངོས་སུ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་བསྟུན་ནས། མ་གཞིར་ལཱ་ཧྥ་རུ་ཉེན་ཡོལ་བྱེད་པའི་མང་ཚོགས་མང་བོ་ཅཱ་ཧྲའི་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་དང་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་དུ་སོང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས17ཉིན་བཤད་རྒྱུར། ཚོད་དཔག་བྱས་པ་ལྟར་ན། མི་ཁྲི6.5ཡིས་ལཱ་ཧྥ་རུ་ཉེན་ཡོལ་བྱེད་བཞིན་ཡོད་པ་དང་། གཟའ་འཁོར་དྲུག་གི་ཡར་སྔོན་ལ་དེའི་ཁ་གྲངས་མི་ཁྲི140ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།