སུའེ་ཏེན་གྲོས་ཁང་གིས་ཨ་མེ་རི་ཁའི་དམག་དཔུང་གིས་སུའེ་ཏེན་མངའ་ཁོངས་ཀྱི་རྟེན་གཞི་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད།
2024.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སུའེ་ཏེན་གྲོས་ཁང་གིས་ཚེས18ཉིན་དེའི་སྔོན་ཨ་མེ་རི་ཁའི་བར་བཀོད་པའི་འགོག་སྲུང་མཉམ་ལས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་སུའེ་ཏེན་མངའ་ཁོངས་ཀྱི་རྟེན་གཞི་ཚང་བེད་སྤྱོད་བྱས་ཆོག་པ་རེད།

སུའེ་ཏེན་དང་ཨ་མེ་རི་ཁས་ན་ནིང་ལོ་མཇུག་ཏུ་འགོག་སྲུང་མཉམ་ལས་གྲོས་མཐུན་ཞིག་བཀོད་དེ། ཨ་མེ་རི་ཁས་སུའེ་ཏེན་མངའ་ཁོངས་ཀྱི་དམག་དོན་རྟེན་གཞི་དང་དམག་བཀོལ་གནམ་གྲུ་ཐང་། ས་ངོས་དམག་དཔུང་གི་བཅའ་སྡོད་བྱེད་ས་བཅས17བཀོལ་སྤྱོད་བྱས་ཆོག་པར་བྱས། གྲོས་མཐུན་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྟེན་གཞིར་དམག་དོན་མི་སྣ་དང་དངོས་རྫས་བཀོད་སྒྲིག་བྱས་ཆོག་པར་མ་ཟད་དམག་དོན་སྦྱོང་བརྡར་སྤེལ་ཆོག་པ་ཡིན།

གྲོས་ཁང་ནས་ཆོག་མཆན་ཐོབ་ཡོད་ཀྱང་། གོང་གི་འགོག་སྲུང་མཉམ་ལས་གྲོས་མཐུན་ལ་སུའེ་ཏེན་རྒྱལ་ནང་དུ་སྔར་བཞིན་རྩོད་གླེང་ཆེན་པོ་བྱུང་ཡོད། གཙོ་བོ་ཉིང་རྡུལ་མཚོན་ཆའི་བཀོད་སྒྲིག་དང་ཨ་མེ་རི་ཁའི་དམག་དོན་བཅའ་ཁྲིམས་ཀྱི་དོ་དམ་ལ་འབྲེལ་ཡོད་པ་རེད། སུའེ་ཏེན་སྨྱན་བྱད་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། སུའེ་ཏེན་གཡོན་ཕྱོགས་ཏང་གིས་བལྟས་ན། ཏན་མག་དང་ནོར་ཝེ། ཨ་མེ་རི་ཁ་བཅས་ཀྱིས་བཀོད་པའི་རིགས་མཐུན་གྲོས་མཐུན་དང་བསྡུར་ན། སུའེ་ཏེན་དང་ཨ་མེ་རི་ཁས་བཀོད་པའི་གྲོས་མཐུན་དེར་ཉིང་རྡུལ་མཚོན་ཆའི་སྐོར་གྱི་གཏན་འཁེལ་གསལ་བོ་མེད་ལ། སུའེ་ཏེན་གྱི་མངའ་ཁོངས་སུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པར་སྒོ་འབྱེད་བྱསཏེ་བདེ་འཇགས་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར། སུའེ་ཏེན་གྱི་ཁོར་ཡུག་ཏང་གིས་བསྟན་དོན། གྲོས་མཐུན་དེའི་ཨ་མེ་རི་ཁའི་དམག་དཔུང་ལ་སུའེ་ཏེན་བཅའ་ཁྲིམས་ཀྱི་ཚད་བཀག་ཐེབས་མི་སྲིད་པའི་གཏན་འཁེལ་དེ་ལ་གནད་དོན་ཡོད་ཟེར།

སུའེ་ཏེན་ད་ལོའི་ཟླ་གསུམ་པར་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་དང་། རྒྱལ་སྲུང་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་བྱུང་། བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་སུའེ་ཏེན་རྒྱལ་ཁབ་ནང་ཁུལ་དུ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། མི་མང་བོས་བལྟས་ན། བྱ་སྤྱོད་དེས་སུའེ་ཏེན་ལ་ཡུན་རིང་ཞི་བདེ་བསྐྲུན་དཀའ་བ་དང་། དེ་ལས་ལྡོག་སྟེ་འཐབ་འཁྲུག་དང་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ལ། སུའེ་ཏེན་གྱི་མངའ་ཁོངས་སུ་ཉིང་རྡུལ་མཚོན་ཆའང་བཀོད་སྒྲིག་བྱེད་སྲིད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།