ཁྲིན་ཝུན་ཆིང་གིས་སིང་ག་ཕོར་གྱི་ཙུང་ལི་ཧྭོང་ཞོན་ཚའེ་དང་ཐུག་འཕྲད་བྱས་པར་མ་ཟད་ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་བཞི་པར་ཞུགས།
2024.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིང་གིས་ཚེས19ཉིན་སིང་ག་ཕོར་ནས་སིང་ག་ཕོར་གྱི་ཙུང་ལི་ཧྭོང་ཞོན་ཚའེ་དང་ཐུག་འཕྲད་བྱས་ཤིང་། ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་བཞི་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཁྲིན་ཝུན་ཆིང་གིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། 2023ལོར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་དཔག་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་བསྒྱུར་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་གཞི་བཀོད། ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་།  ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་གཞོགས་འདེགས་བྱས་པར་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་སྟོབས་ཤུགས་གང་ནུས་ཕུལ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ཧུར་ཐག་གིས་ལག་བསྟར་བྱེད་ཅིང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་བསྟར་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་གསུངས།

ཧྭོང་ཞོན་ཚའེ་ཡིས་བསྟན་དོན།  སིང་ག་ཕོར་དང་ཀྲུང་གོའི་བར་དུས་ཡུན་རིང་བོར་མཛའ་མཐུན་གྱི་གྲོགས་པོའི་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་དཔག་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་རྒྱུན་མཐུད་སྒོས་འཕེལ་རྒྱས་བྱུང་བས།  ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་དང་རྒྱ་བསྐྱེད་གཏོང་ཞིང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།

ཁྲིན་ཝུན་ཆིང་གིས་ཀྲུང་གོ་དང་སིང་ག་ཕོར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་བཞི་པའི་སྟེང་ཤིས་ཚིག་འབུལ་སྐབས་བསྟན་དོན། ཁྲིམས་མཐུན་ནུས་ལྡན་གྱི་སྤྱི་ཚོགས་བཅོས་སྐྱོང་ནི་མིག་སྔར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་གལ་ཆེན་ཞིག་རེད། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་ཅིང་། དུས་རབས་གསར་བའི་ཧྥུན་ཆོའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།  ཁྲིམས་སྐྱོང་གི་རྨང་གཞི་བརྟན་པ་དང་། སྔོན་དཔག་བརྟན་འཇགས་ཡིན་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་གི་བྱེད་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས།

ལྷ་མོ་འཚོས་བསྒྱུར།